གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཔྱད་ཡིག་གི་དོན་ཚན་༡ སྤྱི་ཚོགས་ལྷན་བཞུགས་ནང་ཡང་ གྲོས་འཆམ་བྱུང་མ་ཚུགས་པར་ཡོདཔ།

༡/༣/༢༠༡༣   ༉ འབྲུག་གི་ལམ་གྱི་དཔྱད་ཡིག་༢༠༡༢ ཅན་མའི་ཐོག་ལུ་ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ནང་ གསུང་གྲོས་གནང་པའི་སྐབས་ ལམ་གྱི་ཐོབ་དབང་གི་སྐོར་ལས་ དོན་ཚན་༡༥༢ པའི་གུ་ གསུང་གྲོས་ཡུན་རིང་གནང་རུང་ གྲོས་ཐག་བཅད་མ་ཚུགསཔ་ལས་ ད་རིས་ ཆ་འཇོག་མ་གནང་པའི་ཧེ་མར་ བསྒྱུར་བཅོས་ཚུ་འབད་ཞིནམ་ལས་ ལོག་བཙུགས་ནི་སྦེ་ བཞག་ཡོདཔ་ཨིན།


དོན་ཚན་དེ་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ བསྒྱུར་བཅོས་དུམ་གྲ་ཅིག་ མཛད་ཡོདཔ་ཨིན་རུང་ མཉམ་འབྲེལ་ཚོགས་ཆུང་གིས་ ཟིན་བྲིས་ལྟར་དུ་ འཕྲི་སྣོན་མཛད་ནུག།
དོན་ཚན་དེ་ བཅའ་ཁྲིམས་ཀྱི་ ཟིན་བྲིས་ལྟར་དུ་འབད་བ་ཅིན་ བཅའ་ཁྲིམས་དེ་ འགོ་མ་བཙགས་པའི་སྔ་གོང་ལས་ ཞིང་ལམ་བདའ་སྟེ་ གཏན་འཇགས་སྡོད་མི་ཚུ་ ལམ་གྱི་ཐོབ་དབང་ས་ཁོངས་དེ་ལུ་ གནས་མི་དགོ་ཟེར་ བཀོད་དེ་ཡོདཔ་ད་ རྒྱལ་ཡོངས་ཚོགས་སྡེ་གིས་ འབྲུག་རྒྱལ་ཁབ་ཀྱི་ ལམ་གྱི་བཅའ་ཁྲིམས་༢༠༠༤ ཅན་མ་ འགོ་མ་བཙུགས་པའི་སྔ་གོང་ལས་ གཞུང་ལམ་བདའ་སྟེ་ གཏན་འཇགས་སྡོད་མི་ཚུ་ ལམ་གྱི་ཐོབ་དབང་ས་ཁོངས་དེ་ལུ་ གནས་མི་དགོ་ཟེར་མི་ལུ་ བསྒྱུར་བཅོས་མཛད་དེ་འདུག།
ཨིན་རུང་ མཉམ་འབྲེལ་ཚོགས་ཆུང་གིས་ དོན་ཚན་དེ་ ཕྱིར་དབྱུང་བཏང་ཡོདཔ་ད་ དེ་ལུ་ དར་དཀར་ནའི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ མ་གཞི་ ཧེ་མ་ དོན་ཚན་དེ་གི་ཐོག་ལུ་ གསུང་གྲོས་གནང་པའི་སྐབས་ལས་ར་ དོན་ཚན་དེ་ ཕྱིར་བཏོན་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་རུང་ ཁོ་ལུ་ རྒྱབ་སྐྱོར་མ་ཐོབ་མི་ལུ་བརྟེན་ འབད་མ་ཚུགས་ཟེར་ཨིན་པས།
ད་རེས་ མཉམ་འབྲེལ་ཚོགས་ཆུང་གིས་ ཕྱིར་བཏོན་མཛད་གནང་མི་ལུ་ རྒྱབ་སྐྱོར་ཧྲིལ་བུམ་ཡོད་ཟེར་ཞུ་ཡི།
བུང་ཐང་ལས་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ ཀརྨ་དབང་ཕྱུག་གིས་ ཞུ་མིའི་ནང་ དོན་ཚན་དེ་ ཟིན་བྲིས་ལྟར་དུ་སྦེ་ར་ བཞག་དགོཔ་ཁག་ཆེཝ་ད་ དེ་མིན་ ལམ་གྱི་བཅའ་ཁྲིམས་དེ་ ཆ་འཇོག་གནང་པའི་བསྒང་ལས་ ཧེ་མ་ འཁོར་ལམ་མེད་པའི་བསྒང་ལས་ཆགས་མི་ གཡུས་ཚན་ཚུ་ལུ་ཡང་ དཀའ་ངལ་འབྱུང་ནི་དང་ ཁྱིམ་ཚུ་ འཁོར་ལམ་ལས་ ཕིཊ་༥༠ དེ་ཅིག་གི་ས་ཁར་ སྤོ་བཤུད་འབད་དགོཔ་འཐོན་པ་ཅིན་ མི་སེར་མང་རབས་ཅིག་ལུ་ བྱ་སྟབས་མ་བདེཝ་ འཐོན་འོང་ཟེར་ཨིན་པས།
ལམ་གྱི་ཐོབ་དབང་ས་ཁོངས་དེ་ཡང་ མ་གཞི་ རྒྱལ་ཡོངས་ཚོགས་འདུ་གིས་ ལམ་གྱི་སྦུག་ལས་ གཡས་དང་གཡོན་ལུ་ ཕིཊ་༣༠ རེ་སྦེ་ བཟོ་ཡོདཔ་ཨིན་རུང་ རྒྱལ་ཡོངས་ཚོགས་སྡེ་གིས་ ཕིཊ་༥༠ རང་འཇགས་སྦེ་ར་ འཕྲི་སྣོན་མཛད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་འོག་མ་ བཀྲིས་སྒང་གི་འཐུས་མི་ དྲགོས་དྲོག་ཊར་ བསོད་ནམས་ཀུན་དགའ་གིས་འབད་བ་ཅིན་ བུམ་ཐང་གི་འཐུས་མི་གིས་ ཞུ་དོ་བཟུམ་སྦེ་ དོན་ཚན་དེ་ དགོཔ་ཨིན་རུང་ དུམ་གྲ་ཅིག་ བསྒྱུར་བཅོས་མཛད་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༠༤ གི་ ལམ་གྱི་བཅའ་ཁྲིམས་ཀྱི་ ཧེ་མ་ལས་རྐྱབ་མི་ཁྱིམ་དང་ གཏན་འཇགས་བཟོ་བཀོད་ཚུ་ ལམ་གྱི་ཐོབ་དབང་དེ་ལུ་ གནས་མ་དགོཔ་སྦེ་ བཟོ་དགོ་ཟེར་ཞུ་ཡི།
དེ་མེན་པ་ཅིན་ ཧེ་མ་ ཁྲིམས་དང་འཁྲིལ་ཏེ་འབད་མི་དེ་ ད་རེས་ ཁྲིམས་འགལ་གྱི་གྲངས་སུ་ བརྩི་འཇོག་འབད་དགོཔ་འཐོན་ནི་ཨིནམ་ལས་ མི་སེར་ཚུ་ལུ་ ཁེ་རྒུད་རྩ་ལས་ར་ མི་བཏུབ་འོང་ཟེར་ཨིནམ་ད་ ཨིན་རུང་ ལམ་གྱི་ཐོབ་དབང་དེ་ སྤྱི་ལོ་༢༠༠༤ གི་ ལམ་གྱི་བཅའ་ཁྲིམས་ལས་འགོ་བཙུགས་ བརྩི་ནི་ཨིན་ན ཡང་ཅིན་ ད་རེས་ཀྱི་ བཅའ་ཁྲིམས་གསརཔ་དེ་ བསྟར་སྤྱོད་འབད་ནི་ འགོ་བཙུགས་པའི་ཉིནམ་ལས་ བརྩི་ནི་ཨིན་ན་ ཐུགས་བཞེད་གནང་དགོཔ་ འདུག་ཟེར་ཞུ་ཡི།
ཚོགས་དཔོན་གྱིས་འབད་བ་ཅིན་ མཉམ་འབྲེལ་ཚོགས་ཆུང་གིས་ ཟིན་བྲིས་ནང་བཀོད་མི་ དོན་ཚན་དེ་ཡང་ མ་དགོཔ་སྦེ་ བཀོད་ཡོདཔ་བཞིན་དུ་ གལ་སྲིད་ དོན་ཚན་དེ་མེད་པ་ཅིན་ བྱ་སྟབས་མ་བདེཝ་འཐོན་ནི་ཨིནམ་ལས་ གསུང་གྲོས་ལེགས་ཤོམ་སྦེ་ གནང་དགོཔ་འདུག་ཟེར་གསུངས་ཡི།
ཚོགས་དཔོན་འོག་མ་ གཡང་ཁུག་ཚེ་རིང་ཤེར་པ་གིས་འབད་བ་ཅིན་ དོན་ཚན་དེ་ ཟིན་བྲིས་ནང་ ག་ཡོདཔ་སྦེ་ར་ བཞག་ནི་མ་གཏོགས་ གཞན་ཐེབས་བཙུགས་དགོཔ་ ག་ཅི་ཡང་ མི་མཐོང་པས་ཟེར་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༠༤ ལས་ ད་རེས་ཀྱི་བཅའ་ཁྲིམས་དེ་ བསྟར་སྤྱོད་མ་འབད་ཚུན་ ཧེ་མའི་བཅའ་ཁྲིམས་ཀྱིས་ འགབ་སྟེ་སྡོད་ནི་ཨིནམ་ལས་ སྤྱི་ལོ་༢༠༠༤ གི་ ལམ་གྱི་བཅའ་ཁྲིམས་ལས་ འགོ་བཙུགས་ཟེར་མི་དེ་ བཙུགས་དགོཔ་མིན་འདུག་ཟེར་ཞུ་ཡི།
གསར་སྤང་ལས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཀརྨ་རྡོ་གནོན་དབང་འདུས་ཀྱིས་འབད་བ་ཅིན་ ད་ལྟོ་ཚུན་ སྤྱི་ལོ་༢༠༠༤ ཅན་མའི་ ལམ་གྱི་བཅའ་ཁྲིམས་དེ་ ལག་ལེན་འཐབ་ཐོག་ལས་ གསར་སྤང་རྫོང་ཁག་ནང་ སྡོད་ཁྱིམ་ལེ་ཤ་ཅིག་ བརྡལ་གཤིག་བཏང་ཚར་ཡོདཔ་ལས་ དོན་ཚན་དེ་ ཕྱིར་བཏོན་གཏང་པ་ཅིན་ ཉོགས་བཤད་ཚུ་ཡང་ ལེ་ཤ་ཅིག་ར་ འབྱུང་འོང་ཟེར་ ཞུ་མི་ལུ་ མོང་སྒར་གྱི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ སོད་ནམས་དཔལ་བྱོར་གྱིས་ཡང་ རྒྱབ་སྐྱོར་ཕུལ་ཡི།
དེ་ལུ་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ མ་གཞི་ དོན་ཚན་དེ་ དགོ་ཟེར་སླབ་མི་དང་ མི་དགོ་ཟེར་སླབ་མི་གཉིས་ཆ་ར་ལུ་ ཁུངས་སྦོམ་ཡོདཔ་ཨིན་རུང་ བཅའ་ཁྲིམས་དེ་ བསྟར་སྤྱོད་མ་འབད་བའི་ ཧེ་མ་ལས་རྐྱབ་མི་ ཁྱིམ་ཚུ་འབད་བ་ཅིན་ ཧེ་མ་ག་ཨིནམ་སྦེ་ བཞག་ཆོགཔ་སྦེ་ ཚིག་དག་པ་ཅིག་ བསྒྱུར་བཅོས་འབད་དེ་ བཟོ་ཚུགས་པ་ཅིན་ ལེགས་ཤོམ་འོང་ཟེར་ཞུ་ཡི།
མཉམ་འབྲེལ་ཚོགས་ཆུང་གི་ཁྲི་འཛིན་ གཞལམ་སྒང་ལས་ ཚོགས་སྡེའི་འཐུས་མི་ པདྨ་ལྷ་མོ་གིས་ གལ་སྲིད་ ཟིན་བྲིས་ལྟར་དུ་བཞག་པ་ཅིན་ སྤྱི་ལོ་༢༠༠༤ ལས་འགོ་བཙུགས་ ད་ལྟོ་ཚུན་གྱི་བར་ན་ ཁྲིམས་མཐུན་ཐོག་དང་ ཁྲིམས་འགལ་ཐོག་ལས་ བཟོ་སྐྲུན་འབད་མི་ ལེ་ཤ་ཅིག་ར་ འོང་སྲིད་ནི་ཨིནམ་བཞིན་དུ་ དོན་ཚན་དེ་གིས་ ཧེ་མ་ ཁྲིམས་འགལ་ཐོག་ལས་ ལཱ་འབད་མི་ཚུ་ཡང་ ད་རེས་ ཁྲིམས་མཐུན་བཟོ་ནིའི་ འོས་འབབ་འདུག་ཟེར་ཞུ་ཡི།
དེ་འབད་ནི་དེ་གིས་ བཅའ་ཁྲིམས་དེ་ བསྟར་སྤྱོད་འབད་ནི་ འགོ་བཙུགས་པའི་ཉིནམ་ལས་ ཁྲིམས་མཐུན་གྱི་བཟོ་བཀོད་ཚུ་ ལམ་གྱི་ཐོབ་དབང་དེ་ལུ་ གནས་མི་དགོ་ཟེར་མི་ལུ་ བསྒྱུར་བཅོས་འབད་ཚུགས་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ ཚོགས་དམངས་ལུ་ གསལ་ཞུ་འབད་ཡི།
དཔྱད་ཡིག་དེ་གི་སྐོར་ལས་ ཚོགས་ཐེངས་༩ པའི་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ གསུང་གྲོས་གནང་སྟེ་ དོན་ཚན་༣༧ དེ་ཅིག་ལུ་ འཕྲི་སྣོན་མཛད་པའི་ཁར་ དོན་ཚན་གསརཔ་༥ དེ་ཅིག་ བཙུགས་ཐོག་ལས་ རྒྱལ་ཡོངས་ཚོགས་འདུ་ནང་ ཕུལ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་གིས་ ཚོགས་ཐེངས་༡༠ པའི་ནང་ གསུང་གྲོས་གནང་པའི་སྐབས་ དོན་ཚན་༢༡ ལུ་ ངོས་ལེན་དང་ དོན་༨༥ དེ་ཅིག་ལུ་ རྒྱབ་སྣོན་མཛད་དེ་ བསྐྱར་གྲོས་ཀྱི་དོན་ལུ་ ལོག་སྟེ་ རྒྱལ་ཡོངས་ཚོགས་འདུ་ནང་ ཕུལ་ཡོདཔ་ད་ ད་རེས་ ཚོགས་ཐེངས་༡༠ པའི་ནང་ བསྐྱར་གྲོས་གནང་པའི་སྐབས་ དོན་ཚན་༡༨ དེ་ཅིག་ལུ་ མོས་མཐུན་བྱུང་མ་ཚུགས་མི་དང་འཁྲིལ་ སྤྱི་ཚོགས་ལྷན་བཞུགས་ཀྱི་དོན་ལུ་ བཙུགས་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment