གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྟ་༢༢ ཨར་རྐུན་འབད་མི་༢ ལུ་ བཙོན་ཁྲིམས་ཟླཝ་༡༣ བཀལ་ཡོདཔ།

 ༠༢/༠༣/༢༠༡༣    ༉ ན་ཧིང་ སྐྱེས་ལོ་༣༨ དང་༤༥ ལང་མི་ ཕོ་སྐྱེས་༢ ཀྱིས་ ཕོབ་སྦྱིས་ཁ་ལུ་ བཏང་བཞག་མི་ རྟ་༢༢ ཨར་རྐུན་འབད་དེ་ བཙོང་མི་ལུ་བརྟེན་ དབང་འདུས་ཕོ་བྲང་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ སྤྱི་ཟླ་༢ པའི་ཚེས་༢༧ ལུ་ བཙོན་ཁྲིམས་ཟླཝ་༡༣ བཀལ་ཡོདཔ་ཨིན་རུང་ བཙོན་ནང་སྡོད་མ་དགོ་པར་ ཁྲིམས་འཐུས་བཏབ་ཆོགཔ་ཨིན་པས།


དེ་གིས་མ་དོ་བར་ ཉེས་ཅན་༢ ཀྱིས་ སྤུ་ན་ཁ་ཤེལ་རྔ་ན་ལུ་ ཕོ་སྐྱེས་ཅིག་ལུ་ རྟ་ཚུ་ དངུལ་ཀྲམ་༢༠༠,༠༠༠ སྦེ་བཙོང་མི་དེ་ཡང་ རྟ་ཉོ་མི་ལུ་ ལོག་སྤྲོད་དགོཔ་མ་ཚད་ རྟ་༢༢ ལས་༡༨ ལོག་ཐོབ་མི་ཚུ་ ལོག་ལེན་ནིའི་དོན་ལུ་ རྟའི་ཇོ་བདག་ཚུ་ མི་མང་སྐྱེལ་འདྲེན་བཱསི་ནང་ ལམ་འགྲུལ་འབད་བའི་འགྲུལ་གླ་དང་ རྟ་སྐྱེལ་འདྲེན་གྱི་གླ་ དེ་ལས་ རྟ་༢ ཤི་རྐྱེན་བྱུང་མིའི་ རྒུད་འཐུས་ཚུ་རྩིས་ཏེ་ རྟའི་ཇོ་བདག་༡༡ ལུ་ དངུལ་ཀྲམ་༡༢༠,༩༨༨ འཁྲུན་ཆོད་གནང་པའི་ ཉིནམ་ལས་འགོ་བཙུགས་ ཟླཝ་༡ གི་ནང་འཁོད་ལུ་ སྤྲོད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡི།
རྟ་ཨར་རྐུན་ཤོར་མི་ཚུ་ ཕོབ་སྦྱིས་ཁ་དང་ སྒང་སྟེང་རྒེད་འོག་གཉིས་ཀྱི་ མི་སེར་ཚུ་གི་ཨིནམ་ད་ རྟ་༢ བཙོང་ནིའི་དོན་ལུ་ སྐྱེལ་འདྲེན་འབད་བའི་སྐབས་ལུ་ ཤི་སོཔ་ཨིན་པས།
རྟ་ཨར་རྐུན་འབད་མི་༢ ལས་༡ དབང་འདུས་ཕོ་བྲང་རྫོང་ཁག་ ཕོབ་སྦྱིས་ཁ་དང་ གཞན་མི་དེ་ སྦྱིས་མི་རྒེད་འོག་ལས་ཨིན་པས།
དྲང་དཔོན་པ་སངས་དབང་མོ་གིས་ སླབ་མིའི་ནང་ འགྲུལ་འཐུས་སྤྲོད་དགོ་མི་དེ་ རྟའི་ཇོ་བདག་ཚུ་ ས་ཐག་རིང་སར་ སོང་སྟེ་ རང་སོའི་རྟ་དངོས་འཛིན་འབད་བའི་ཤུལ་ལུ་ ལོག་གཡུས་ཁར་བདའ་འགྱོ་དགོ་ནི་དེ་གིས་ཨིན་ཟེར་ཨིན་པས།
སྤུ་ན་ཁ་ཤེལ་རྔ་ན་ལས་ སྐྱེས་ལོ་༥༥ ལང་མི་ ཕོ་སྐྱེས་དེ་གིས་ ཨར་རྐུན་འབད་བའི་རྟ་ཚུ་ བརྟག་དཔྱད་མ་འབད་བར་ ཉོ་མི་ལུ་བརྟེན་ ཁྲིམས་འདུན་གྱིས་ ཁོ་ལུ་ བཙོན་ཁྲིམས་ཟླཝ་ཕྱེད་དང་༧ བཀལ་ཡོདཔ་ད་ ཁོ་གིས་ རྟ་༢༢ ལས ༨ འབད་མི་སྡེ་ཚན་ཅིག་ སྤ་རོའི་མི་ཅིག་ལུ་ དངུལ་ཀྲམ་༩༠,༠༠༠ དང་ རྟ་གཞན་༨ དེ་ ས་གནས་བཱ་རི་གཞོང་ལས་ཨིན་མི་ མི་ཅིག་ལུ་ གོང་ཚད་འདྲན་འདྲ་སྦེ་ བཙོང་པའི་ཁར་ ལྷག་ལུས་རྟ་༦ འབད་མི་སྡེ་ཚན་ཅིག་ མི་གཞན་ཅིག་ལུ་ དངུལ་ཀྲམ་༡༡༨,༠༠༠ སྦེ་བཙོང་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་གིས་ རྟ་བཙོང་པའི་རིན་དངུལ་ ཡོངས་བསྡོམས་དངུལ་ཀྲམ་༡༩༨,༠༠༠ འཁྲུན་ཆོད་བཏོན་པའི་ ཉིནམ་ལས་རྩིས་ཏེ་ ཟླཝ་༡ གི་ནང་འཁོད་ལུ་ ཁོ་ལས་ རྟ་ཉོ་མི་༣ ལུ་ ལོག་སྤྲོད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡོདཔ་ད་ ཁོ་གིས་ཡང་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་པས།
རྟ་༢༢ དེ་ ཕོབ་སྦྱིས་ཁ་ལུ་ བཏང་བཞག་བའི་སྐབས་ ཨར་རྐུན་འབད་དེ་ བཙོང་ཡོདཔ་ད་ ཉེས་ཅན་༢ ཀྱིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ རྟ་ཚུ་ སྡེ་ཚན་༣ སྦེ་ ཨར་རྐུན་འབད་དེ་ བཙོང་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ རྟ་ཚུ་ སྤ་རོ་དང་ ཐིམ་ཕུ་འབྱུང་བཞི་ན་ བསམ་རྩེ་ལས་ ཐོབ་པའི་ཤུལ་ལུ་ རྟའི་ཇོ་བདག་ཚུ་ ས་གནས་དེ་ཚུ་ནང་ རྟ་ལེན་པར་ སོང་ཡོདཔ་ཨིན་པས།
ཨར་རྐུན་གྱི་་སྐོར་ལས་ འགོ་དང་པ་ རྒཔོ་གིས་ ཐིམ་ཕུ་རྡོ་གདན་ནང་ལུ་ ཉེས་ཅན་༢ ཀྱིས་ རྟ་བདའ་འགྱོ་སར་ མཐོང་བའི་ཤུལ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་དང་འཁྲིལ་ འཛིན་བཟུང་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
མ་གཞི་ རྫོང་ཁག་ཁྲིམས་སྲུང་འགག་པ་ལུ་ རྟ་བྱང་སྟོར་ཤོར་བའི་སྙན་ཞུ་༥༧ ལྷོད་མི་དང་འཁྲིལ་ དབྱེ་ཞིབ་འབད་བའི་སྐབས་ རྟ་༢༢ ལས་བརྒལ་ བྱང་སྟོར་ཤོར་བའི་ བདེན་རྟགས་མ་བྱུང་ནི་དེ་གིས་ ཁྲིམས་ཀྱི་འདུན་ས་ལུ་ རྩོད་གཞི་ཕྱེ་མ་ཚུགསཔ་ཨིན་པའི་གནས་ཚུལ།

                                                                དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment