གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐོ་གཏུགས་པ་གིས་ ཁས་ལེན་འབད་མི་དང་འཁྲིལ་ ཁྲིམས་འདུན་ལུ་ བཅར་མ་བཏུབ།

༠༢/༠༣/༢༠༡༣   འདི་བཟུམ་ལན་ཐེངས་༣ འོང་མ་བཏུབ་པ་ཅིན་ ཁྲིམས་ལུ་ཁྱད་གསོད་ཀྱི་ བཀའ་རྒྱ་གཏོན་ནི་ཨིན་པས།

༉ ཁ་ཙ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ འབྲུག་གི་གཅེས་གཅེས་གསུང་སྐད་འགོ་འདྲེན་འཐབ་མི་ མཐོ་གཏུགས་པ་ དངོས་གྲུབ་རྡོ་རྗེ་དང་ གསོལ་རས་མ་ཐོབ་པར་ཡོད་མི་ ཨ་ལུའི་ཕམ་ཚུ་གི་བར་ན་ གདོང་བཤེར་འབད་དགོཔ་ཨིན་རུང་ མཐོ་གཏུགས་པ་ཁོ་ར་གིས་  ཁས་ལེན་འབད་མི་ དུས་ཚོད་ནང་ བཅར་མ་བཏུབ་ལས་ རྩོད་ཟླ་ཚུ་ དབུགས་འགམ་བྱུང་ནུག།


ཨིན་རུང་ ཆེ་མཐོའི་ཁྲིམས་ཁྲི་༢ པ་གིས་ དུས་ཡུན་ཆུ་ཚོད་༢ དེ་ཅིག་གི་རིང་ བསྒུགས་པའི་ཤུལ་ལུ་ དངོས་གྲུབ་རྡོ་རྗེ་མེད་པར་ ཨ་ལུའི་ཕམ་ཚུ་ལུ་ གསུང་སྐད་འགྲན་བསྡུར་དེ་ རྩོད་རྙོགས་ཅན་ལུ་གྱུར་བའི་ རྒྱབ་ཁུངས་དང་ ཁྲིམས་གཏུགས་འབད་དགོ་པའི་ གནད་དོན་ཚུ་ ནན་བསྐྱར་དུ་ གསལ་ཞུ་ཕུལ་ནིའི་ གོ་སྐབས་གནང་ཡི།
མ་གཞི་ གདོང་བཤེར་སྙན་གསན་དེ་ ཁ་ཙ་དྲོ་པའི་ཆུ་ཚོད་༩.༤༥ ལས་ འགོ་བཙུགས་ནི་གི་ ལས་རིམ་ཡོདཔ་ཨིན་རུང་ མཐོ་གཏུགས་པ་གིས་ འོང་མ་བཏུབ་ལས་ ཁོ་དང་གཅིག་ཁར་ འབྲེལ་བ་འཐབ་ནིའི་དོན་ལུ་ ག་དེ་ཅིག་ བརྒྱུད་འཕྲིན་བཏང་རུང་ ཁོ་རའི་བརྒྱུད་འཕྲིན་ལྷོད་མ་ཚུགསཔ་བཟོ་དཔ་ལས་ འབྲེལ་བ་འཐབ་མ་ཚུགས་ཟེར་ དྲང་དཔོན་༢ ཀྱིས་ ཨ་ལུའི་ཕམ་ཚུ་ལུ་ གསལ་བཤད་འབད་ཡི།
ཨིན་རུང་ དངོས་གྲུབ་རྡོ་རྗེ་གིས་ ཁྲིམས་འདུན་ལུ་ དུས་ཚོད་ཁར་ བཅར་མ་བཏུབ་ལས་ རྩོད་ཟླ་ཚུ་ བསྒུགས་བཅུག་མི་དང་ ལཱ་ལྟོ་ཆག་པའི་ཉེས་ཆད་ ཉིནམ་༡ གི་ཉིན་འཐུས་ ཨ་ལུ་༩ གི་ ཕམ་ཚུ་ལུ་ སྤྲོད་བཅུག་ནི་སྦེ་ ཁྲིམས་ཀྱིས་བཀའ་རྒྱ་གནང་ཡི།
རྩོད་རྙོགས་དེ་ཡང་ སྤྱི་ལོ་༢༠༡༢ ལུ་ འབྲུག་གི་གཅེས་གཅེས་གསུང་སྐད་འགྲན་བསྡུར་འགོ་འདྲེན་འཐབ་སྟེ་ སྤྱི་ཟླ་༤ པའི་ཚེས་༢༡ ལུ་ ཐིམ་ཕུ་ཆུ་ཚོད་འཁོར་ལོའི་རྩ་བར་ དྲག་ཤོས་ཨང་དང་པ་ལས་༥ པ་ཚུན་ ཐོན་མི་ཚུ་ གསལ་བསྒྲགས་འབད་བའི་ཤུལ་ལས་ ཟླཝ་༣ ཡར་སོ་རུང་ གསོལ་རས་བྱིན་མ་བཏུབ་མི་ལུ་བརྟེན་ འགོ་བཙུགས་ཡོདཔ་ཨིན་པས།
ཕམ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ འབྲུག་བརྡ་དོན་དང་ བརྒྱུད་འབྲེལ་དབང་འཛིན་ལུ་ སྙན་ཞུ་འབདཝ་ད་ དབང་འཛིན་གྱི་ ཁ་ཐུག་ལས་ འབད་ཐབས་མེདཔ་ལས་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་དགོཔ་སྦེ་ སླབ་མི་དང་འཁྲིལ་ འགྲན་བསྡུར་ནང་ལས་ དྲག་ཤོས་ཐོན་མི་ ཨ་ལུའི་ཕམ་༩ གིས་ ཞུ་ཡིག་ཕུལ་ཡོདཔ་ཨིན་པས།
ཨང་དང་པ་ཐོན་མི་ལུ་ དངུལ་རྐྱང་གི་གསོལ་རས་དངུལ་ཀྲམ་༢༣༠,༠༠༠ དང་ ཨང་༢ པ་ལུ་ དངུལ་ཀྲམ་༡༣༠,༠༠༠ ཨང་༣ པ་ལུ་ དངུལ་ཀྲམ་༩༠,༠༠༠ ཨང་༤ པ་ལུ་ དངུལ་ཀྲམ་༧༠,༠༠༠ ཨང་པ་༥ ཐོན་མི་ལུ་ དངུལ་ཀྲམ་༥༠,༠༠༠ དེ་ལས་ གཞན་ཚུ་ལུ་ དངུལ་ཀྲམ་༡༢,༠༠༠ ལས་༡༥,༠༠༠ གི་བར་ན་དང་ སློབ་གྲྭའི་སྒྲིག་གོ་དང་ བྲིས་དེབ་ཚུ་ སྤྲོད་དགོཔ་ཨིན་རུང་ སྤྲོད་མ་བཏུབ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ དངོས་གྲུབ་རྡོ་རྗེ་ལུ་ མགུ་སྐོར་གྱི་ཉེས་པ་ལུ་བརྟེན་ བཙོན་ཁྲིམས་ཟླཝ་༦ བཀལ་ཡོདཔ་མ་ཚད་ ཨ་ལུ་ཚུ་ལུ་ གསོལ་རས་དང་ ཕམ་ཚུ་ལུ་ ཉིན་འཐུས་སྦེ་ དངུལ་ཀྲམ་༡༠,༠༠༠ རེ་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
དེ་འབདཝ་ད་ དངོས་གྲུབ་རྡོ་རྗེ་གིས་ ཁོ་ལུ་ ཁེ་རྒུད་མ་བཏུབ་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
ཁ་ཙ་ ཕམ་ཨམ་སྲུ་ཅིག་གིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ གསོལ་རས་ཚུ་ དངོས་གྲུབ་རྡོ་རྗེ་ལས་ ལེན་ནི་མ་གཏོགས་ བར་ན་ཚོང་འབྲེལ་འགོ་དཔོན་ཙུགས་ཏེ་ ཉོགས་བཤད་བཀོད་དགོཔ་མེད་ཟེར་ཨིནམ་ད་ དངོས་གྲུབ་རྡོ་རྗེ་གིས་ ཁྲིམས་ཀྱི་འདུན་སར་ དུས་ཚོད་ཁར་བཅར་མ་བཏུབ་མི་དང་ ཕར་ཚུར་ཧད་འཕུལ་ཏེ་ ཨ་ལུའི་ཕམ་ཚུ་ལུ་ སྡུག་སྦྱོང་དང་ ལཱ་ལྟོ་ཆག་བཅུག་དོ་ཡོདཔ་ལས་ ཁྲིམས་འདུན་གྱིས་ དྲང་ཁྲིམས་གནང་དགོ་ཟེར་ཞུ་ཡི།
ཕམ་གཞན་ཅིག་གིས་ ཨ་ལུའི་སྤྲོ་བ་དང་ དང་འདོད་དང་འཁྲིལ་ གསུང་སྐད་འགྲན་བསྡུར་ནང་ལས་ དྲག་ཤོས་འཐོན་ནིའི་དོན་ལུ་ ཆ་རོགས་དང་ འབྲུག་མི་ཡོངས་ལས་ ཚོགས་རྒྱན་ལྷང་སྟེ་ གྲུབ་འབྲས་ཐོན་པའི་མཐའ་མར་ ད་རིས་ ཁོང་གི་གདོང་ཁར་ ཁྲིམས་འདུན་ནང་ དུས་རྒྱུན་དུ་ བཅར་དགོཔ་ཐོནམ་ད་ མནོ་བསམ་ར་ བཏང་མི་ཚུགས་པས་ཟེར་ཞུ་ཡི།
དངོས་གྲུབ་རྡོ་རྗེ་གིས་ གསོལ་རས་བྱིན་མ་བཏུབ་མི་ལུ་བརྟེན་ ད་ལས་ཕར་ ལས་རིམ་དེ་བཟུམ་ནང་ བཅའ་མར་གཏོགས་ནི་ལུ་ཡང་ སྤྲོ་བ་བསྐྱེད་མི་བཏུབ་ནི་ཨིནམ་ལས་ ཨ་ལུའི་ཕྱི་ནང་གསང་༣ གྱི་ རིག་རྩལ་ཡར་དྲག་གཏང་ནི་ལུ་ སེམས་ཤུགས་མེདཔ་བཟོ་ད་ཡི་ཟེར་ ཕམ་ཚུ་གིས་ ཀུན་གསལ་ལུ་ སླབ་ཨིན་པས།
ཁ་ཙ་ ཁྲིམས་ཀྱི་འདུན་སར་ དྲོ་པ་བཅར་མ་བཏུབ་རུང་ ཉིན་མའི་ཆུ་ཚོད་༢ ལུ་ བཅར་ཡོདཔ་སྦེ་སླབ་མི་ དངོས་གྲུབ་རྡོ་རྗེ་གིས་འབད་བ་ཅིན་ ཁྲིམས་འདུན་ལུ་ ངག་ཐོག་ཞུ་ནི་དང་ ཡིག་ཐོག་ལུ་ ཕུལ་དགོཔ་ཚུ་ག་ར་ ཕུལ་ཚར་ཡོདཔ་ལས་ ཁ་ཙ་ ཚོང་འབྲེལ་འགོ་དཔོན་དེ་ བཅར་དགོཔ་ཨིན་ཟེར་ཨིན་པས།
ཁོ་ར་ དྲོ་པ་འོང་མ་ཚུགས་མི་དེ་ ནཝ་ཚཝ་ཅིག་གིས་སྦེ་ སྟབས་མ་བདེཝ་་ཐོན་སོཔ་ལས་ ཁྲིམས་འདུན་ལུ་ བཅར་མ་ཚུགས་ཟེར་ དངོས་གྲུབ་རྡོ་རྗེ་གིས་ ཀུན་གསལ་ལུ་ སླབ་ཨིན་པས།
གཅེས་གཅེས་གསུང་སྐད་འགྲན་བསྡུར་དེ་ ཁོ་གིས་ འགོ་འདྲེན་འཐབ་ཡོད་རུང་ གསོལ་རས་ཚུ་ བྱིན་ནིའི་ཐད་ལུ་ ལྷ་དབང་འོད་གསལ་ལས་འཛིན་གྱི་ ཚོང་འབྲེལ་འགོ་དཔོན་ པདྨ་ཚེ་རིང་གིས་ བྱིན་དགོ་པའི་སྐོར་ ཕམ་དང་ ཚོང་འབྲེལ་འགོ་དཔོན་ཚུ་གི་བར་ན་ ཡིག་ཆ་དང་ འགན་ཡིག་ཚུ་ བཟོ་སྟེ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment