གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཚོགས་དང་པའི་ནང་ བཅའ་ཁྲིམས་༣༩ ཆ་འཇོག་གྲུབ་མི་དེ་ རྒྱལ་རབས་ཅན་ཅིག་ཨིནམ།

༠༢/༠༣/༢༠༡༣   ༉ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་སྐབས་ལུ་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ང་བཅས་རའི་ རྒྱལ་ཁབ་དང་མི་སེར་ དེ་ལས་ གཞུང་ལུ་ ཕན་ཐོགས་ཆེ་བའི་ ཁྲིམས་བཟོའི་ཕྱག་འགན་དེ་ ད་རིས་ལས་ མཇུག་བསྡུ་མི་དང་འབྲེལ་ ལོ་༥ འི་རིང་ལུ་ བཅའ་ཁྲིམས་༣༩ ཆ་འཇོག་གནང་མི་དེ་ རྒྱལ་རབས་ཅན་ཅིག་ ཨིན་ཟེར་གསུངས་ཡི།


སྤྱི་ཚོགས་ཅན་གྱི་ དམངས་གཙོའི་གཞུང་དེ་ རྩ་བརྟན་དང་ སྒྲིང་སྒྲིང་བཟོ་ནིའི་དོན་ལུ་ ཁྲིམས་ལུགས་ཚུ་ ག་དེ་མང་མང་ ཡོད་དགོཔ་དེ་ ག་ནི་བ་ གལ་ཆེ་ཟེར་ཨིནམ་མ་ཚད་ མ་འོངས་པའི་ སྤྱི་ཚོགས་ཚུ་གི་དོན་ལུ་ དཔེ་ལེགས་ཤོམ་ཅིག་ཨིན་ཟེར་ ཚོགས་དཔོན་གྱིས་གསུངས་ཡི།
དེ་དང་འཁྲིལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་གཙོས་པའི་ ཚོགས་ཁང་གོང་འོག་གཉིས་ཀྱི་ འཐུས་མི་ག་ར་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ཡང་ གསུངས་ཡི།
ཚོགས་དཔོན་གྱིས་འབད་བ་ཅིན་ ད་རེས་ཀྱི་ སྤྱི་ཚོགས་ཀྱིས་གནང་མི་ ཕྱག་ལཱ་དེ་ལུ་ལྟ་བ་ཅིན་ འཛམ་གླིང་གི་གནས་ཐོ་ ཇི་ནིསི་ ཝཱལཌི་ རེ་ཀཱོཌི་ནང་ཡང་ ཚུད་དུ་རུང་བ་ཅིག་ ཨིན་མས་ཟེར་གསུངས་ཡི།
དེ་དང་འཁྲིལ་ ཆ་འཇོག་གྲུབ་ཚར་མི་ དཔྱད་ཡིག་ཚུ་ལུ་ སྤྱིར་བཏང་གི་ ཐུགས་འཆར་ཕུལ་བའི་སྐབས་ གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ ད་རེས་ཀྱི་སྤྱི་ཚོགས་ཀྱིས་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ཐ་དང་དམ་ཚིག་དཔང་དུ་བཙུགས་ཏེ་ ལས་རྒྱུ་འབྲས་སེམས་ཁར་བཞག་ཐོག་ལས་ དམངས་གཙོའི་གཞི་འགྱམ་ སྒྲིང་སྒྲིང་སྦེ་ བཙུགས་པ་གིས་མ་ཚད་ བཅའ་ཁྲིམས་ཡང་ ལེ་ཤ་ཅིག་ར་ ཆ་འཇོག་གྲུབ་གནང་ཡི་ཟེར་ཞུ་ཡི།
དེ་མ་ཚད་ ད་ལྟོ་ དམངས་གཙོའི་གཞུང་གསརཔ་འབད་བའི་ཁར་ མི་ཚུ་ག་ར་ དེ་གི་སྐོར་ལས་ ལྷབ་པའི་བསྒང་ཨིནམ་བཞིན་དུ་ ལོ་༥ འི་རིང་ལུ་ ཡོན་ཏན་ཚུ་ཡང་ ལེ་ཤ་ཅིག་ར་ ཐོབ་ཡོད་པའི་ཁར་ ཧེ་མ་ བྱ་སྟབས་མ་བདེཝ་ དུམ་གྲ་རེ་ཐོན་མི་ཚུ་ཡང་ བསལ་ཚུགས་ཅི་ཟེར་ གསོ་བའི་བློན་པོ་གིས་ཞུ་ཡི།
ཁོ་གིས་འབད་བ་ཅིན་ མ་གཞི་ ཁྲིམས་ལུགས་ཚུ་ རྒྱལ་ཁབ་དང་ མི་སེར་ཚུ་གི་ ཕན་ཐབས་ལུ་དམིགས་ཏེ་ ཆ་འཇོག་གནང་ཡོད་རུང་ ལག་ལེན་འཐབ་པའི་སྐབས་ བྱ་སྟབས་མ་བདེཝ་དུམ་དྲ་རེ་ ཐོན་ཡོདཔ་ད་ དེ་ཡང་ དཔེ་འབད་བ་ཅིན་ ཏམ་ཁུའི་བཅའ་ཁྲིམས་བཟུམ་ཅིག་ཨིནམ་ད་ བཅའ་ཁྲིམས་དེ་གི་ དཀའ་ངལ་དེ་ཡང་ བསལ་ཏེ་ཡོད་ཟེར་ཨིན་པས།
མི་སེར་ཚུ་གིས་ བློ་གཏད་དེ་ ཚོགས་རྒྱན་བཙུགས་ཐོག་ལས་ བཙག་འཐུ་གྲུབ་མི་དང་འཁྲིལ་ སྤྱི་ཚོགས་ཀྱིས་ ཕྱག་ལཱ་གི་གྲུབ་འབྲས་ ལེགས་ཤོམ་སྦེ་ར་ བཏོན་ཚུགས་མི་ལུ་ ག་ར་གིས་ ངལ་རངས་དགོཔ་ འདུག་ཟེར་ཞུ་ཡི།
དེ་ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ ཞུ་དོ་བཟུམ་འབད་བ་ཅིན་ སྤྱི་ཚོགས་དང་པའི་ གནས་ཡུན་གྱི་སྐབས་ བཅའ་ཁྲིམས་༣༩ ཆ་འཇོག་གནང་མི་ཚུ་གི་གྲས་ལས་ རྩ་ཁྲིམས་ཆེན་མོ་མ་རྩིས་བར་ རྩ་ཆེ་ཤོས་གཞན་མི་དེ་ འབྲུག་གི་ནང་འཁོད་རྩུབ་སྤྱོད་བཀག་སྡོམ་བཅའ་ཁྲིམས་དེ་ ཨིནམ་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་འབད་བ་ཅིན་ ཧེ་མ་ལས་ ཕྱི་རྒྱལ་གྱི་མི་ཚུ་གིས་ འབྲུག་གི་བཟའ་ཚང་ཚུ་ལུ་ལྟ་སྟེ་ ཡིད་ཆེས་བསྐྱེད་དོ་ཡོདཔ་མ་ཚད་ དཔེ་བཞག་བཏུབ་ཅིག་ཨིན་མས་ཟེར་ སླབ་དོ་ཡོདཔ་ལས་ གཅིག་ལས་ལྟ་བ་ཅིན་ བཅའ་ཁྲིམས་དེ་ བཟོ་དགོ་པའི་ འོས་འབབ་ཅིག་ཡང་ མི་མཐོང་མས་ཟེར་ཨིན་པས།
ཨིན་རུང་ དུས་ཀྱི་འགྱུར་བ་དང་བསྟུན་ དཀའ་ངལ་འདྲ་མིན་སྣ་ཚོགས་ ཐོན་དོ་ཡོདཔ་ལས་ བཅའ་ཁྲིམས་དེ་ ཁག་ཆེ་དྲགས་ཅིག་སྦེ་ མཇལཝ་མས་ཟེར་ཨིནམ་ད་ བཅའ་ཁྲིམས་དེ་ ཆ་འཇོག་གྲུབ་དགོ་མི་དེ་ཡང་ ཧེ་མ་ལས་ ལེགས་ཤོམ་སྦེ་གནས་ཡོད་པའི་ བཟའ་ཚང་ཚུ་ ལྷག་པར་དུ་ ཕུན་སུམ་ཚོགས་ཏོག་ཏོ་དང་ དགའ་ཏོག་ཏོ་བཟོ་ནིའི་དོན་ལུ་ དམིགས་ཏེ་ཨིན་ཟེར་ཞུ་ཡི།
སྤྱིར་བཏང་ཐུགས་འཆར་གསལ་བཤད་ནང་ མང་ཤོས་ཅིག་གིས་ འབྲུག་གི་ ནང་འཁོད་རྩུབ་སྤྱོད་བཅའ་ཁྲིམས་ཀྱི་སྐོར་ལས་ ཞུ་ཡོདཔ་ད་ སྤ་རོ་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཨོ་རྒྱན་ཚེ་རིང་གིས་ ད་རིས་ དཔྱད་ཡིག་དེ་ ཆ་འཇོག་གྲུབ་མི་ལུ་ལྟ་བ་ཅིན་ རང་གི་ཨའི་ལུ་ གུས་ཞབས་དང་ བརྩི་བཀུར་བསྐྱེད་ནི་གི་ གོ་སྐབས་བཟུམ་ཅིག་ ཚོར་ཡི་ཟེར་ཞུ་ཡི།
དེ་ཡང་ ད་ལྟོ་ གོང་འཕེལ་འགྱོ་ཚར་བའི་ རྒྱལ་ཁབ་ཚུ་ནང་ཡང་ ཨམ་སྲུ་ཚུ་ ཕོ་སྐྱེས་ཚུ་དང་ འདྲ་མཉམ་ཡོད་པའི་ ལོ་རྒྱུས་མེདཔ་ད་ དཔེ་འབད་བ་ཅིན་ ཨེ་མི་རི་ཀའི་སྲིད་འཛིན་ བ་རག་ ཨོ་བ་མ་དེ་ བཙག་འཐུ་ཐེངས་༢ པ་གྲུབ་པའི་སྐབས་ ཁོ་གིས་ ཨམ་སྲུ་ཚུ་གིས་ ཕོ་སྐྱེས་དང་ འདྲ་མཉམ་གྱི་ ལཱ་འབད་བ་ཅིན་ དངུལ་ཕོགས་ཚུ་ཡང་ འདྲན་འདྲ་སྦེ་ བྱིན་ནི་ཟེར་བའི་ ཁས་བླངས་འབད་ཡོདཔ་ད་ དེ་ལུ་ལྟ་བ་ཅིན་ རྒྱལ་ཁབ་དེ་ནང་ ཨམ་སྲུ་དང་ ཕོ་སྐྱེས་ཀྱི་བར་ན་ འདྲ་མཉམ་མེད་པའི་ དོན་དག་སྟོནམ་ཨིན་མས་ཟེར་ཞུ་ཡི།
ནངས་པ་ བློན་ཆེན་མཆོག་གིས་ སྤྱི་ཚོགས་ལྷན་བཞུགས་ནང་ འདས་པའི་ལོ་༥ འི་རིང་ གཞུང་གི་གྲུབ་འབྲས་ཚུ་ སྙན་ཞུ་ཕུལ་ནི་ཨིན་པའི་གནས་ཚུལ།

                                                                                       ཉི་མ་དབང་འདུས།

No comments:

Post a Comment