གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདས་པའི་ལོ་ངོ་༥ འི་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁས་བླངས་བརྒྱ་ཆ་༨༨ ཧྲིལ་བུམ་གྲུབ་ཡོདཔ།

༥/༢/༢༠༡༣   ཁས་བླངས་ཆ་ཤས་བརྒྱ་ཆ་༡༠ གྲུབ་སྟེ་ཡོདཔ་ལས་ བརྒྱ་ཆ་༢ རྐྱངམ་གཅིག་ མ་གྲུབ་པས།
བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་གིས་ སྙན་ཞུ་ཕུལ་བའི་བསྒང་།
༉ ཁ་ཙ་ སྤྱི་ཚོགས་དང་པའི་ མཐའན་མཇུག་གི་ ཚོགས་ཐེངས་༡༠ པའི་ནང་ རྒྱལ་ཁམས་ཀྱི་ གནས་སྟངས་སྐོར་ལས་ ལོ་བསྟར་སྙན་ཞུ་ཐེངས་༥ པ་ཕུལཝ་དང་འབྲེལ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འདྲ་མཉམ་དང་ དྲང་བདེན་གྱི་ ཡར་འཕེལ་འགྲུབ་ནི་ལུ་ འབྲུག་ཕུན་སུམ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་ ཁྱབ་ཆེ་བའི་ཁས་བླངས་༡༥༣ འབད་མི་ལས་༡༣༥ འབདཝ་ད་ བརྒྱ་ཆ་༨༨ ཧྲིལ་བུམ་སྦེ་ གྲུབ་སྟེ་ཡོད་ཟེར་ཞུ་ཡི།


དེ་ཡང་ ཁས་བླངས་ཚུ་ཡང་ སྤྱི་ལོ་༢༠༡༣ ཟླཝ་༦ པའི་ཟླ་མཇུག་ལུ་ མཇུག་བསྡུ་ནི་ཨིན་མི་ ལོ་ལྔའི་འཆར་གཞི་༡༠ པའི་ལག་ལེན་གྱི་ཐོག་ལས་ ཕྱག་ཕྱིད་ཞུ་ནི་གི་དོན་ལུ་ འབད་ཡོད་ཟེར་ བློན་ཆེན་མཆོག་གིས་ ཞུ་བའི་ཁར་ འཆར་གཞི་༡༠ པ་མཇུག་བསྡུ་ནི་ལུ་ ལྷག་ལུས་ཟླཝ་༣ ལུས་ཏེ་ཡོད་པའི་ནང་འཁོད་ལུ་ ཁས་བླངས་༡༥༠ (བརྒྱ་ཆ་༩༨) ཡོངས་རྫོགས་ ཡང་ཅིན་ ཆ་ཤས་སྦེ་གྲུབ་ཡོདཔ་ལས་ ཁས་བླངས་༣ (བརྒྱ་ཆ་༢) རྐྱངམ་གཅིག་ གྲུབ་མ་ཚུགས་ཟེར་ ཞུ་ཡི།
ཁས་བླངས་ཧྲིལ་བུམ་གྲུབ་མི་ཚུ་གི་གྲས་ལས་ སྲིད་ཚོགས་དེ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་འཕར་ཚད་ ལོ་བསྟར་བཞིན་དུ་ བརྒྱ་ཆ་༩ ཡར་འཕེལ་གཏང་ནི་གི་ དམིགས་གཏད་བསྐྱེད་མི་དེ་ཨིནམ་ད་ འདས་པའི་རྩིས་ལོ་༤ གི་ནང་ དཔལ་འབྱོར་གྱི་འཕེལ་ཚད་ སྤྱི་ལོ་༢༠༠༨ ལས་༢༠༡༢ ཚུན་ཚོད་ རྩིས་ལོ་༢༠༠༨-༠༩ ལུ་ བརྒྱ་ཆ་༥.༧ དང་ ༢༠༠༩-༡༠ ལུ་ བརྒྱ་ཆ་༩.༣ དེ་ལས་༢༠༡༠-༡༡ ལུ་ བརྒྱ་ཆ་༡༠.༠༡ དང་ ༢༠༡༡-༡༢ ལུ་ བརྒྱ་ཆ་༨.༨༩ ཨིནམ་བཞིན་དུ་ སྤྱི་ལོ་༢༠༡༣ ལུ་ བརྒྱ་ཆ་༩.༤༤ ཡར་འཕེལ་འགྱོ་ནི་གི་ ཚད་དཔག་འབད་ཡོདཔ་ལས་ དུས་ཡུན་ལོ་༥ གི་ནང་ འཕར་ཚད་བརྒྱ་ཆ་༩ དམིགས་གཏད་བསྐྱེད་མི་དེ་ འགྲུབ་ཚུགས་ཟེར་ བློན་ཆེན་གྱིས་ ཞུ་ཡི།
དེ་ལས་ ཡོངས་འབྲེལ་ཐོག་ ཚོང་འབྲེལ་ཆོག་ཐམ་དང་ ནང་འདྲེན་ཐོ་བཀོད་ལམ་ལུགས་ སྲུང་སྐྱོབ་ཉོགས་མེད་ རྩིས་ཞིབ་ཉོགས་མེད་ སྐྱེ་ཤི་གི་ཐོ་རྩིས་ ཞི་བའི་ཐོ་དེབ་ཚུ་ ཐོབ་ཚུགསཔ་བཟོ་ཡོདཔ་ལས་ མི་སེར་ཚུ་ འབྲེལ་ཡོད་ཡིག་ཚང་ཚུ་ནང་ འགྱོ་མ་དགོ་པའི་ ཕན་ཁྱད་དང་ བདག་སྐྱོང་དང་འབྲེལ་བའི་ལཱ་ཚུ་ མར་བབས་སོང་ནུག།
སྤྱི་ལོ་༢༠༡༠ ལུ་ ཐད་ཀར་གྱི་ ཕྱིའི་མ་རྩ་གཞི་བཙུགས་སྲིད་བྱུས་དང་ དཔལ་འབྱོར་གོང་འཕེལ་སྲིད་བྱུས་ཆ་འཇོག་གྲུབ་ཞིནམ་ལས་ཚུར་ གནས་གོང་དངུལ་ཀྲམ་དུང་ཕྱུར་༡༩ ལྷགཔ་ཅིག་གི་ ལས་འགུལ་༡༣ གནང་བ་གྲུབ་ཡོདཔ་བཞིན་དུ་ ཕྱིའི་མ་རྩ་གཞི་བཙུགས་ལས་སྡེ་ཚུ་གིས་ འབྲུག་མི་༢༠༤༡ དང་ ཕྱི་མི་༢༧༤ ལུ་ ལཱ་གཡོག་གི་ གོ་སྐབས་བྱིན་ཡོད་ཟེར་ བློན་ཆེན་གྱིས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་མ་ཚད་པར་ ཞི་གཡོག་འགོ་དཔོན་ཚུ་གིས་ གང་ཡོད་མི་ ཚོགས་ཁང་ནང་ སྙན་ཞུ་ཕུལ་ཡི།
གཞུང་སྐྱོང་ཚོགས་པ་གིས་ ལྟ་བཤལ་ལས་སྡེ་ནང་ གོ་སྐབས་དང་ བཅའ་མར་གཏོགས་ནི་ ཚོང་འབྲེལ་གོང་འཕེལ་གྱི་ སྲིད་བྱུས་བརྩམ་ནི་གི་ ཁས་བླངས་འབད་མི་དེ་ཡང་ བརྒྱ་ཆ་ཧྲིལ་བུམ་སྦེ་ གྲུབ་ཚུགས་ཡོདཔ་ད་ སྤྱི་ལོ་༢༠༡༢ ལུ་ ཕྱིའི་ལྟ་བཤལཔ་༡༠༥,༤༡༤ ལྷོད་མི་དེ་ སྤྱི་ལོ་༢༠༡༢ ཀྱི་ ལོ་མཇུག་ལུ་ ལྟ་བཤལཔ་༡༠༠,༠༠༠ འོང་ནི་གི་ དམིགས་གཏད་བསྐྱེད་མི་ལས་ བརྒལ་སོཔ་ཨིན་པས།
བློན་ཆེན་གྱིས་ སྙན་ཞུ་ཕུལ་མིའི་ནང་ སྲིད་ཚོགས་དེ་གི་ ཁས་བླངས་ཚུ་ འགྲུབ་ནིའི་དོན་ལུ་ གཞི་བཀོད་ཅིག་ཨིན་པའི་ ལོ་ལྔའི་འཆར་གཞི་༡༠ པ་འདི་ རེ་འདོད་ལྷག་པར་ཆེ་བའི་ འཆར་གཞི་ཅིག་ཨིནམ་ད་ འཆར་གཞི་༡༠ པའི་ནང་ འཆར་དངུལ་དུང་ཕྱུར་༡༤༨ བཞག་མི་ལས་ དངུལ་ཀྲམ་དུང་ཕྱུར་༡༥༠ ལུ་ ཡར་སེང་འབད་དགོཔ་བྱུང་ནུག།
ང་བཅས་ཀྱིས་ གཞུང་སྐྱོངམ་དང་འབྲེལ་ འཆར་གཞི་༡༠ པ་འགོ་བཙུགས་པའི་སྐབས་ལུ་ རྒེད་འོག་༢༠༥ ལས་༡༤༩ ནང་རྐྱངམ་གཅིག་ འཁོར་ལམ་བཏོན་ཡོདཔ་ལས་ རྒེད་འོག་༥༦ ནང་ ལམ་སེལ་མ་ཚུགས་པར་ ལུས་མི་དེ་ཡང་ མཐའ་ཟུར་གྱི་ ས་གནས་དང་ ས་གོ་དང་རོང་དོག་དྲགས་ དེ་ལས་ ཐག་རིང་དྲགས་ཡོད་མི་ལུ་བརྟེན་ཨིན་མས་ཟེར་ བློན་ཆེན་མཆོག་གིས་ ཞུ་ཡི།
ང་བཅས་ཀྱིས་ རྒེད་འོང་ག་རའི་ནང་ འཁོར་ལམ་བཏོན་ནིའི་ ཁས་བླངས་འབད་ཡོད་མི་དང་འཁྲིལ་ རྒེད་འོག་༡༤༩ ནང་ ཧེ་མ་ལས་ འཁོར་ལམ་ལྷོད་དེ་ཡོད་མིའི་ ཁ་སྐོང་ལུ་ རྒེད་འོག་༣༨ ནང་ རྒེད་འོག་ལྟེ་བ་ཚུན་ འཁོར་ལམ་སེལ་ཡོདཔ་མ་ཚད་ ལྷག་ལུས་རྒེད་འོག་༩ ནང་ ལམ་བརྒྱ་ཆ་༧༠ ལྷགཔ་ཅིག་ སེལ་ཚར་ཡོདཔ་ལས་ ལཱ་དེ་ཚུ་ འཆར་གཞི་འདི་གི་ དུས་ཡུན་ནང་འཁོད་ལུ་ར་ མཇུག་བསྡུ་ནི་ཨིན་ཟེར་ བློན་ཆེན་གྱིས་ ཞུ་བའི་ཁར་ རྒེད་འོག་ལྷག་ལུས་༥ ནང་ བརྒྱ་ཆ་༣༠ ལས་ཉུངམ་སྦེ་ སེལ་ཚར་ཏེ་ཡོད་ཟེར་ཞུ་ཡི།
དེ་ལས་ ཁྱིམ་ཆ་མཉམ་ལུ་ གློག་མེ་བཀྲམ་སྤེལ་འབད་ནི་གི་ ཁས་བླངས་འབད་མིའི་ཐད་ལུ་ བློན་ཆེན་གྱིས་ ཞུ་མིའི་ནང་ འདས་པའི་ལོ་ངོ་༤༧ གྱི་ནང་འཁོད་ལུ་ ཁྱིམ་གུང་༤༤,༦༩༡ ལུ་ གློག་མེ་བཀྲམ་སྤེལ་འབད་དེ་ཡོད་མི་དང་ཕྱདཔ་ད་ འཆར་གཞི་འདི་གི་ དུས་ཡུན་ནང་འཁོད་ལུ་ ཁྱིམ་གུང་༣༣,༨༤༨ ལུ་ གློག་མེ་བཀྲམ་སྤེལ་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༣ གྱི་ལོ་མཇུག་ཁམས་ལུ་ གློག་མེ་བཀྲམ་ཚར་ནི་ཨིན་མི་ ལའུ་རི་དང་ གསེར་ཐིག་རྒེད་འོག་གི་ གཡུས་ཚན་ཚུ་ནང་མ་གཏོགས་ གཞན་གཡུས་ཚན་ལྷག་ལུས་ཚུ་ག་ར་ འཆར་གཞི་༡༠ པའི་ནང་འཁོད་ལུ་ར་ གློག་མེ་བཀྲམ་སྤེལ་འབད་ཚརཝ་སྦེ་ ཕྱག་ཞུ་ནི་ཟེར་ཞུ་ཡི།
གཡུས་ཚན་ག་རའི་ནང་ གཙང་སྦྲ་དང་ལྡན་པའི་ འཐུང་ཆུ་བཀྲམ་སྤེལ་འབད་ནི་གི་ དམིགས་དོན་འོག་ལུ་ གྲོང་གསེབ་འཐུང་ཆུ་བཀྲམ་སྤེལ་༡,༡༨༢ གསརཔ་དང་ཉམས་བཅོས་ཀྱི་ཐོག་ལས་ བཟོ་ཡོད་མི་དེ་ དམིགས་གཏད་ནང་༡,༠༠༤ ཡོད་མི་ དེ་ལས་ བརྒྱ་ཆ་༡༧ གྱིས་ ལྷག་སོ་ཡི་ཟེར་ བློན་ཆེན་གྱིས་ཞུ་ཡི།
བློན་ཆེན་མཆོག་གིས་ རྒྱལ་ཁམས་ཀྱི་ གནས་སྟངས་སྙན་ཞུ་དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་བཞི་ལུ་ གཞི་བཞག་སྟེ་ ངོ་སྤྲོད་ལས་འགོ་བཟུང་ ཡུན་བརྟན་དང་ འདྲ་མཉམ་གྱི་ མི་སྡེའི་དཔལ་འབྱོར་གོང་འཕེལ་ མཐའ་འཁོར་སྲུང་སྐྱོབ་ ལམ་སྲོལ་བདག་འཛིན་དང་གོང་འཕེལ་ ལེགས་ལྡན་གཞུང་སྐྱོང་ དམངས་གཙོའི་ལམ་སྲོལ་ལུ་ གོང་འཕེལ་དང་ ཉམས་མྱོང་བྱུང་པའི་བསྒང་འབདཝ་ད་ དོན་ཚན་༦ གི་ཐོག་ལས་ གསལ་ཞུ་ཕུལ་ཡི།
དམངས་གཙོའི་ལམ་ལུགས་ འགོ་དང་པའི་ ལོ་༥ ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཞལ་བཀོད་དང་ ལམ་སྟོན་མཛད་མ་གནང་པ་ཅིན་ ད་རིས་ ང་གིས་ཕུལ་མི་ སྙན་ཞུ་འདི་ དཔའ་ཉམས་དང་བཅསཔ་སྦེ་ ཕུལ་ནི་གི་ དུས་ཚོད་མ་བྱུངམ་འོང་ཟེར་ བློན་ཆེན་གྱིས་ ཞུ་ཡི།
མཇུག་བསྡུའི་སྙན་ཕུལཝ་ད་ བློན་ཆེན་གྱིས་ མི་དབང་རྒྱལ་བཙུན་རྣམ་གཉིས་ སྐུ་ཚེ་ལུ་ བར་ཆད་ག་ནི་ཡང་མེད་པར་ སྐུ་ཚེ་ཞབས་པད་བརྟན་ཏེ་ དགའ་སྐྱིད་ཀྱི་ངང་ལུ་ བཞུགས་ནི་གི་ སྨོན་ལམ་ཕུལ་བའི་ཁར་ ཞི་གཡོགཔ་དང་ སྤྱི་ཚོགས་ཀྱིས་གཙོས་པའི་ དྲང་ཁྲིམས་ལྷན་སྡེ་དང་ རྩ་ཁྲིམས་ཅན་གྱི་འདུས་ཚོགས་ ལས་འཛིན་ ས་གནས་གཞུང་ མི་སྡེའི་འགོ་ཁྲིདཔ་ དེ་ལས་ དྲག་ཁག་གསུམ་གྱི་ དམག་སྡེ་ལ་སོགས་པའི་ སྤྱི་གཡོགཔ་དང་ སྒེར་སྡེ་ག་ར་ལུ་ ཁོང་གིས་ རྩ་བ་གསུམ་ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཞབས་ཏོག་གང་དྲག་ཞུ་མི་ལུ་ཡང་ རྗེས་སུ་ཡི་རངས་དང་ སེམས་ཀྱི་གདིང་ལས་ དགའ་ཚོར་ཡོད་ཟེར་ཞུ་ཡི།
གཞུང་གི་ཁ་ཐུག་ལས་ སྤྱི་ཚོགས་ཀྱི་ ཚོགས་ཁང་གཉིས་ཀྱི་ འཐུས་མི་ག་ར་ལུ་ འབྲུག་གི་དམངས་གཙོའི་ལམ་ལུགས་དར་ཁྱབ་གཏང་ནི་ལུ་མཁོ་བའི་ཁྲིམས་ལེ་ཤ་ཅིག་ར་ བརྩི་འཇོག་གནང་སྟེ་ ཆ་འཇོག་གནང་མི་དང་ གཞུང་གི་མཛད་སྒོ་ལུ་ བློ་གྲོས་ཅན་གྱི་ བསླབ་སྟོན་དང་ ལམ་སྟོན་གནང་མི་ལུ་ སེམས་ཀྱི་གདིང་ལས་ར་ བཀྲིན་ཆེ་ཟེར་ བློན་ཆེན་གྱིས་ ཞུ་བའི་ཁར་ དམིགས་བསལ་དུ་ ང་རའི་མཉམ་རོགས་ ལྡོག་ཕྱོགས་འགོ་ཁྲིདཔ་དང་ ལྡོག་ཕྱོགས་ཀྱི་ ཆེ་བསྟོད་ཅན་གྱི་འཐུས་མི་ དམ་ཆོས་རྡོ་རྗེ་ལུ་ཡང་ དཔྱེ་སྟོན་གྱི་ གྲུབ་འབྲས་གང་དྲག་བཏོན་གནང་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ ཞུ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།
 

No comments:

Post a Comment