གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨེམ་བི་བི་ཨེསི་ སྦྱོང་བརྡར་འགོ་བཙུགས་ནི།

/༣/༢༠༡༣   ༉ གཞུང་གིས་ གསོ་བའི་ཞབས་ཏོག་ ཡར་དྲག་གཏང་ནིའི་ནང་ ལཱ་གི་གྲུབ་འབྲས་ཚུ་ ལེགས་ལྡན་བྱུང་ཡོད་མི་དང་འབྲེལ་ དུས་ཅི་ སྤྱི་ཟླ་༧ པ་ལས་ རྒྱལ་ཁབ་ནང་ སྨན་བཅོས་དྲུང་འཚོ་ མཐོ་རིམ་གཙུག་ལག་སློབ་སྡེ་ ཨེམ་བི་བི་ཨེསི་ འགོ་བཙུགས་ནི་ཨིན་པས།


དེ་ཡང་ སྤྱི་ཟླ་༣ པའི་ཚེས་༤ ལུ་ བློན་ཆེན་འཇིགས་མེད་འཕྲིན་ལས་ཀྱིས་ སྤྱི་ཚོགས་ནང་ རྒྱལ་ཁམས་ཀྱི་ གནས་སྟངས་སྐོར་ལས་ སྙན་ཞུ་ཕུལ་བའི་སྐབས་ གསལ་ཞུ་འབད་ཡི།
བློན་ཆེན་གྱིས་ སྙན་ཞུའི་ནང་ ཚོགས་ཐེངས་༨ པའི་སྐབས་ འབྲུག་གི་གསོ་བའི་གཙུག་ལག་སློབ་སྡེའི་ བཅའ་ཁྲིམས་དེ་ཡང་ ཆ་འཇོག་གནང་ཡོདཔ་བཞིན་དུ་ གཙུག་ལག་སློབ་སྡེ་ གཞི་བཙུགས་འབད་བའི་བསྒང་ཡོདཔ་མ་ཚད་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཆོས་ཚན་དག་པ་ཅིག་ འགོ་བཙུགས་ཡོདཔ་ལས་ སྨན་བཅོས་དྲུང་འཚོ་གི་ མཐོ་རིམ་སློབ་གྲྭའི་ཆོས་ཚན་ཡང་ འགོ་བཙུགས་ཚུགས་ཅི་ཟེར་ཨིན་པས།
འདས་པའི་ལོ་༥ འི་རིང་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ གལ་གནད་ཅན་གྱི་གནས་རིམ་ཐོག་ལས་ གསོ་བའི་དྲུང་འཚོ་གི་ མཐོ་རིམ་སློབ་སྦྱོང་འབད་མི་ སློབ་ཕྲུག་༣༥ རེ་ ལོ་བསྟར་བཞིན་དུ་ ཤྲི་ལངྐ་རྒྱལ་ཁབ་ནང་ དམིགས་བསལ་སྦེ་ བཏང་དོ་ཡོདཔ་མ་ཚད་ ད་རེས་ནངས་པ་ འབྲུག་པའི་སློབ་ཕྲུག་༣༠༠ དེ་ཅིག་གིས་ རྒྱལ་ཁབ་ཚུ་ནང་ གསོ་བའི་ཤེས་ཡོན་ སྦྱང་པའི་བསྒང་ ཡོད་ཟེར་ཨིན་པས།
གསོ་བའི་དྲུང་འཚོ་༢༦ གིས་ གསོ་བའི་སྨན་བཅོས་ སྣ་ཚོགས་ཀྱི་ཆོས་ཚན་ནང་ མཁས་མཆོག་གི་ སྦྱོང་བརྡར་འབད་བའི་བསྒང་ཡོད་ཟེར་ བློན་ཆེན་གྱིས་ ཚོགས་དམངས་ལུ་ གསལ་ཞུ་འབད་ཡི།
གསོ་བའི་ལྷན་ཁག་གིས་ རྒྱལ་ཁབ་ནང་ སྨན་གཡོགམ་མ་ལང་པའི་ དཀའ་ངལ་བསལ་ཐབས་ལུ་ གང་མགྱོགས་ སྨན་གཡོག་སྦྱོང་བརྡར་ལས་རིམ་ འགོ་བཙུགས་ཏེ་ ད་ཚུན་ལུ་ རྒྱ་གར་རྒྱལ་ཁབ་ནང་ སྨན་གཡོག་ལས་རོགསཔ་༤༨༡ དེ་ཅིག་ལུ་ སྦྱོང་བརྡར་བྱིན་ཏེ་ ཡོད་ཟེར་ཨིན་པས།
ནང་པའི་སྨན་ཁང་འདི་ ཁྱད་འཕགས་ཅན་དང་ ལུང་ཕྱོགས་ནང་ ནང་པའི་སྨན་བཅོས་མཁས་མཆོག་གི་ ལྟེ་བ་བཟོ་ནི་དང་ ལས་ཁུངས་ལུ་ ཡར་སེང་འབད་ནི་ལུ་ ལྷན་རྒྱས་གཞུང་ཚོགས་ལས་ གནང་བ་གྲོལ་ཡོདཔ་ཨིན་པས།
གཙོ་བསྟེན་སྨན་ཁང་དང་ རྫོང་ཁག་སྨན་ཁང་ མང་ཤོས་ཅིག་ནང་ རླངས་གདུག་དང་ རླངས་ལུམ་གྱི་ཞབས་ཏོག་ཚུ་ཡང་ འགོ་བཙུགས་ཅི་ཟེར་ བློན་ཆེན་གྱིས་ཞུ་ཡི།
དགེ་ལེགས་ཕུག་ ལུང་ཕྱོགས་སྨན་ཁང་ནང་ ཉལ་ཁྲི་༡༥༠ འབད་མི་ ནདཔ་བཞག་ཁང་དང་ བསམ་རྩེ་སྨན་ཁང་ནང་ ཉལ་ཁྲི་༤༠ འབད་མི་ ནདཔ་སྡོད་ཁང་ དེ་ལས་ ཉེན་སྲུང་ཅན་གྱི་ གནས་རིམ་༣ པའི་ མི་དམངས་གསོ་བའི་དབྱེ་དཔྱད་ཁང་ཚུ་ བཟོ་སྐྲུན་འབད་ནི་ཡང་ འགོ་བཙུགས་ཏེ་ཡོད་ཟེར་ སྙན་ཞུའི་ནང་ གསལ་བཀོད་འབད་ཡོདཔ་ཨིན་པས།
འཆར་གཞི་འདི་གི་ དུས་ཡུན་མ་ཚངམ་ལས་ གཞི་རྟེན་གསོ་བའི་སྨན་ཁང་ སྡེ་རིམ་༡ པ་༩ དང་ སྡེ་རིམ་༢ པ་༤༧ དེ་ལས་ ཡན་ལག་སྨན་ཁང་༧༣ གསརཔ་བཟོ་སྐྲུན་འབད་ཡི་ཟེར་ གསལ་ཞུ་འབད་ཡི།
བློན་ཆེན་གྱིས་འབད་བ་ཅིན་ ད་རེས་ནངས་པ་ རྫོང་ཁག་༡༡ ནང་ དྲུང་འཚོ་༣ རེ་བཙུགས་ཡོདཔ་ད་ རྫོང་ཁག་༥ ནང་ དྲུང་འཚོ་༢ རེ་ དེ་ལས་ རྫོང་ཁག་༤ ནང་ དྲུང་འཚོ་རེ་ཡོདཔ་ད་ ད་རིས་ཀྱི་ཟླཝ་ནང་ ཀིའུ་བ་ལས་ དྲུང་འཚོ་༡༥ ལས་༡༣ དེ་ཅིག་ རྒྱལ་ཁབ་ནང་ ལྷོད་འོང་ཟེར་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment