གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྲོས་ཐག་ག་ལྷོད་བཅད་མི་ལུ་ མི་མང་གིས་ བསམ་འཆར་འདྲ་མིན་ བཀོད་དོ་ཡོདཔ།

༦/༣/༢༠༡༣   ༉ འབྲུག་གི་ སྤྱི་ཚོགས་དང་པའི་ གཞུང་སྐྱོང་དང་པ་འབད་མི་ འབྲུག་ཕུན་སུམ་ཚོགས་པའི་ ལོ་༥ འི་གནས་ཡུན་ཚང་དོ་ཡོདཔ་ལས་ མི་མང་གི་བསམ་འཆར་ལས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་ གཞུང་སྐྱོང་གི་སྐབས་ལུ་ གྲོས་ཐག་གཅད་ནིའི་ གནད་དོན་མང་ཤོས་ར་ མི་སེར་སྤྱིར་བཏང་ལུ་གྲོས་བསྟུན་མེད་པར་ གཞུང་གིས་དབང་ཚད་ཐོག་ ཐུགས་ཐག་བཅད་དོ་ཡོད་པའི་ བསམ་བཀོད་འབད་མི་ ལེ་ཤ་ཐོནམ་ཨིན་པས།


བློན་ཆེན་ འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་འབད་བ་ཅིན་ འདི་ལུ་ ཡིད་ཆེས་བསྐྱེད་མི་ཡོད་པ་ཅིན་ དེ་བཟུམ་མའི་ གོ་བ་བརྡ་ལོག་གི་བསམ་ཚུལ་ བྱུང་དོ་ཡོདཔ་བདེན་ཟེར་ཨིན་རུང་ འབྲུག་ཕུན་སུམ་ཚོགས་པའི་གོང་འཕེལ་འཆར་གཞི་དང་ མི་མང་ཞབས་ཏོག་གྲུབ་མིའི་ཕྱག་ལཱ་ཚུ་ མི་སེར་གྱི་རེ་འདོད་དང་བསྟུན་ གྲོས་བསྟུན་ཐོག་མ་འབད་བ་ཅིན་ ཤུལ་མའི་བཙག་འཐུ་ནང་ ཚོགས་པ་ཚུ་གིས་ བཅའ་མར་གཏོགས་ནི་ལུ་ སྤྲོ་བ་ར་མི་བསྐྱེད་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་གིས་ ཟིན་བཀོད་འབད་ཡོད་པའི་ ལོ་ལྔའི་འཆར་གཞི་༡༠ པ་དེ་ གཞུང་སྐྱོང་ནིའི་ རྒྱལ་ཁབ་ཐོབ་ཞིནམ་ལས་ འཆར་གཞི་འདི་གི་ཐོག་ལུ་ར་ ལག་ལེན་འཐབ་ཡོདཔ་ཨིན་རུང་ མི་མང་གི་བསམ་འཆར་དང་ གྲོས་བསྟུན་མ་འདྲཝ་བྱུང་མི་ལུ་བརྟེན་ བསྒྱུར་བཅོས་ལེ་ཤ་ཅིག་ར་ འབད་དགོཔ་ཐོན་ཡི་ཟེར་ཨིན་པས།
འཆར་གཞིའི་ལས་རིམ་ཚུ་ནང་ བསྒྱུར་བཅོས་རྒྱ་ཆེ་དྲགས་སྦེ་འབད་མི་དེ་ གཙོ་བོ་ར་ ཚོགས་པ་གིས་ མི་སེར་གྱི་རེ་འདོད་དང་ བསམ་འཆར་བཀོད་མི་ཚུ་ལུ་ ངོས་ལེན་དང་ ཆ་གནས་ཡོད་པ་ལུ་བརྟེན་ཨིན་ཟེར་གསུངས་ཡི།
དེ་ཡང་ དཔེར་ན་ ཏམ་ཁུ་དམ་འཛིན་བཅའ་ཁྲིམས་དེ་ཡང་ ཆ་འཇོག་གྲུབ་པའི་ཤུལ་ལུ་ མི་སེར་ཚུ་གིས་ མ་བཏུབ་པའི་བསམ་འཆར་བཀོད་མི་ལུ་ ངོས་ལེན་ཐོག་ བསྒྱུར་བཅོས་འབད་ཡོདཔ་མ་ཚད་ བདུན་ཕྲག་རེ་གི་ རེས་གཟའ་ལྷག་པ་དེ་ རྐང་འགྲུལ་པའི་ཉིནམ་སྦེ་ ངོས་འཛིན་འབད་མི་དེ་ཡང་ མི་སེར་གྱི་བསམ་འཆར་བཀོད་མི་ལུ་ ངོས་འཛིན་གྱི་ བསྒྱུར་བཅོས་འབད་དེ་ ཟླཝ་རེ་ལུ་ ཚར་རེ་སྦེ་ བཟོ་ཡོདཔ་ཨིན་ཟེར་ཨིན་པས།
གཞུང་གིས་བཟོ་བཀོད་འབད་མི་ ལྟ་བཤལ་སྲིད་བྱུས་དེ་ ཆ་མེད་བཏང་ཐོག་ལས་ ལྟ་བཤལ་ལས་སྡེ་དང་འབྲེལ་ཡོད་ཚུ་དང་ གྲོས་བསྟུན་འབདཝ་ད་ བསམ་འཆར་བཀོད་མི་དང་འཁྲིལ་ བཟོ་ཡོད་པའི་ཁར་ འདེམས་ཁོངས་གནང་བྱིན་མ་དངུལ་ཡང་ མི་མང་གིས་ མ་དགའཝ་ཡོད་ལུགས་ཀྱི་བྱུང་རྐྱེན་ལུ་བརྟེན་ མེདཔ་བཟོ་ཡི་ཟེར་ཨིན་པས།
སྲིད་ཚོགས་ཚུ་ལུ་ གཞུང་ལས་མ་དངུལ་རྒྱབ་སྐྱོར་གྱི་ གྲོས་འཆར་དེ་ཡང་ གཞུང་སྐྱོང་གིས་འབད་བ་ཅིན་ དེ་ལུ་ རྒྱབ་སྐྱོར་དང་ དགོས་མཁོ་སྦོམ་ཡོདཔ་མཐོང་རུང་ མི་མང་གིས་ དམངས་གཙོའི་རིང་ལུགས་ཀྱི་དོན་ལུ་ འོས་འབབ་མེདཔ་སྦེ་ བསམ་འཆར་བཀོདཔ་ལས་ ཆ་མེད་བཏང་ཡི་ཟེར་ཨིན་པས།
སོ་ནམ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་གསུངས་མིའི་ནང་ འགན་འཁྲི་ཅན་གྱི་གཞུང་སྐྱོང་གི་ཕྱག་འགན་དེ་ མི་སེར་གྱིས་ དགའ་མི་རྐྱངམ་གཅིག་ འབད་ནི་མེན་པར་ འཕྲལ་འཕྲལ་མི་སེར་ཚུ་གིས་ མ་དགའ་མིའི་གནད་དོན་ཐོག་ལུ་ དོ་འགྲན་ཅན་གྱི་ གྲོས་ཐག་བཅད་དགོ་ཟེར་ཨིན་པས།
བློན་ཆེན་གྱིས་ དམངས་གཙོའི་རིང་ལུགས་ནང་ གཞུང་གི་ལཱ་འགན་དེ་ མི་སེར་གྱི་ རེ་འདོད་ཚུ་འགྲུབ་ནི་དེ་ཨིནམ་ད་ གལ་སྲིད་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་གྱི་རེ་བ་ འགྲུབ་ཚུགས་པ་ཅིན་ མི་སེར་ལུ་ ངོས་ལེན་འབད་ཡོད་པའི་ རྟགས་མཚན་ཨིན་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment