༉ དམངས་གཙོའི་རིང་ལུགས་ཐོག་ལས་ བཙག་འཐུ་གྲུབ་མི་ གཞུང་སྐྱོང་དང་པ་གིས་ གནས་ཡུན་ལོ་༥ མ་ཚང་པའི་ ཟླ་ངོ་༡ ལྷགཔ་ཅིག་གི་ཧེ་མར་ གཞུང་རྩ་གྲོལ་གཏང་ནི་གི་ གྲོས་འཆར་བཀོད་མི་དེ་ ཆ་མེད་བཏང་ཡོདཔ་ཨིན་པས།
དེ་ཡང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ ཁ་ཙ་ སྤྱི་ཚོགས་ནང་ རྒྱལ་ཁམས་ཀྱི་ གནས་སྟངས་སྐོར་ལས་ ལོ་ལྔའི་སྙན་ཞུ་ཕུལ་བའི་སྐབས་ ད་ལྟོའི་ གཞུང་གིས་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ གནས་ཡུན་མ་ཚང་ཚུན་ཚོད་ ཕྱག་ཞུ་ནི་ཟེར་ཞུ་ཡི།
བློན་ཆེན་གྱིས་འབད་བ་ཅིན་ གཞུང་དེ་ ག་དེམ་ཅིག་སྦེ་ གནས་ཡུན་མ་ཚངམ་ལས་ རྩ་གྲོལ་འགྱོ་བ་ཅིན་ སྲིད་དོན་ཚོགས་པ་གསརཔ་ཚུ་ བཙག་འཐུའི་དོན་ལུ་ གྲ་སྒྲིག་མི་འགྱོ་ནི་བཟུམ་ཅིག་ཡོད་པའི་ཁར་ མཐར་འཁྱོལ་ཅན་གྱི་ འདེམས་ངོ་འཐོབ་ནི་ལུ་ཡང་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིན་པས།
གཞུང་གི་ཁ་ཐུག་ལས་ གཞུང་མགྱོགས་སུ་སྦེ་ རྩ་གྲོལ་གཏང་ནི་གི་ གྲོས་འཆར་བཀོད་མི་དེ་ཡང་ གཞུང་སྐྱོང་ཚོགས་པ་ལུ་ ཁེ་ཕན་ཡོད་ནི་དེ་གིས་ཨིནམ་སྦེ་ ཁ་བཏང་དོ་ཡོད་པའི་ ལོ་རྒྱུས་གོཝ་མས་ཟེར་ཨིནམ་ད་ འདི་རྩ་ལས་མི་བདེན་ཟེར་ བློན་ཆེན་གྱིས་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུད་ཀྱི་ ཞལ་འཛོམས་ཐེངས་༢༤ པ་འཚོགས་པའི་སྐབས་ལུ་ དོགས་སེལ་གནང་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ གལ་སྲིད་ གཞུང་སྐྱོང་གི་གནས་ཡུན་ ཕར་འགྱངས་འབད་དེ་ ལུས་པ་ཅིན་ གཞུང་སྐྱོང་མི་ཚུ་ལུ་ ཁེ་ཕན་མ་གཏོགས་ གནོད་པ་རྩ་ལས་ར་མེད་མི་དེ་ཡང་ དེ་གིས་ གཞུང་སྐྱོང་ལུ་ ད་རུང་ བདུན་ཕྲག་༦ ལཱ་འབད་ནིའི་ དུས་ཚོད་བྱིནམ་མས་ཟེར་ཨིན་པས།
གཞུང་རྩ་གྲོལ་འབད་ནི་དེ་ གནད་དོན་ཁག་ཆེ་ཏོག་ཏོ་༣ ལུ་བརྟེན་ དུས་ཡུན་བདུན་ཕྲག་༦ ཚུར་འཐེན་དགོ་མི་དེ་ཡང་ སྤྱི་ཚོགས་ཅན་གྱི་ བཙག་འཐུ་ཚུ་ སྤྱི་ཟླ་༦ པའི་ནང་ མཇུག་བསྡུ་ཚུགས་པའི་ རྩིས་རྐྱབ་སྟེ་ཨིན་ཟེར་ བློན་ཆེན་གྱིས་གསུངས་ཡི།
དང་པ་ར་ གཞུང་གསརཔ་གིས་ ལོ་ལྔའི་འཆར་གཞི་༡༡ པ་དེ་ སྤྱི་ཚོགས་ཀྱི་ ཚོགས་ཐེངས་གཉིས་པའི་ནང་ ཆ་འཇོག་འབད་དེ་ ལཱ་འབད་ཚུགས་ནིའི་དོན་ལུ་ཨིནམ་ད་ གཞུང་གིས་ གནས་ཡུན་མ་རྫོགས་ཚུན་ ཕྱག་ལཱ་གནང་པ་ཅིན་ སྤྱིར་བཏང་བཙག་འཐུ་དེ་ སྤྱི་ཟླ་༧ པའི་ནང་ འགོ་འདྲེན་འཐབ་པའི་བསྒང་ལས་ གཞུང་སྐྱོང་ཚོགས་པ་དེ་ སྤྱི་ཟླ་༨ པའི་ནང་མ་གཏོགས་ གཞི་བཙུགས་འབད་མི་ཚུགས་ནི་ཨིནམ་ལས་ སྤྱི་ཚོགས་གཉིས་པའི་ ཚོགས་ཐེངས་དང་པ་གིས་ ལོ་ལྔའི་འཆར་གཞི་༡༡ པའི་ འཆར་དངུལ་ཚུ་ ཆ་འཇོག་གྲུབ་པའི་བསྒང་ལས་ དུས་ཡུན་ཟླཝ་༢ ཀྱིས་ ཕྱིས་འོང་ཟེར་ཨིན་པས།
གཉིས་པ་འབདཝ་ད་ མི་སེར་སོ་ནམ་པ་ཚུ་ ལོ་ཐོག་བཏབ་པའི་ དུས་ཚོད་ཁར་ ཕོག་ནི་ཨིནམ་ལས་ སྟབས་མ་བདེཝ་འབྱུང་ནི་ཨིནམ་ད་ གསུམ་པ་ལུ་ རྒྱལ་ཁབ་ནང་ སོ་ནམ་ཞིང་ལམ་གསརཔ་ ལེ་ཤ་ཅིག་ར་ བཟོ་སྐྲུན་འབད་ཡོདཔ་ལས་ གནམ་བྱཱར་ཆརཔ་རྐྱབ་ད་ སྣུམ་འཁོར་ཚུ་ ཕར་ཚུར་འགྲོ་འགྲུལ་འབད་ཚུགས་པར་ ལཱ་ཁག་འོང་ནི་མས་ཟེར་ བློན་ཆེན་གྱིས་གསུངས་ཡི།
སོ་ནམ་ཞིང་ལམ་ཚུ་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་དང་ གཞུང་གཡོགཔ་ སྲིད་ཚོགས་ནང་ བཅའ་མར་གཏོགས་མི་ འདེམས་ངོ་ དེ་ལས་ གཡུས་ཁའི་མི་ཚུ་གིས་ ལག་ལེན་འཐབ་ནི་ཨིནམ་ལས་ བློན་ཆེན་ཁོ་ར་ལུ་ ཚ་གྱང་ཐེབས་ཅིག་ར་ ལང་དགོཔ་བྱུང་ཡི་ཟེར་ གསུངས་ཡི།
སྲིད་དོན་ཚོགས་པ་གསརཔ་ཚུ་ གཞུང་རྩ་གྲོལ་གཏང་ནིའི་ གྲོས་འཆར་ལོག་བཏོན་མི་ལུ་བརྟེན་ སེམས་དགའ་ཡོདཔ་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་འབད་བ་ཅིན་ གཞུང་ཧ་སུ་སྦེ་ རྩ་གྲོལ་མ་འགྱོ་ནི་དེ་གིས་ ཁོང་གི་ འདེམས་ངོ་ ངོ་སྤྲོད་འབད་ནི་ལུ་ དུས་ཚོད་འཐོབ་ནི་མས་ཟེར་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment