གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྱིམ་གུང་ཅིག་ནང་ མི་ངོ་མ་ཤེས་མི་ ཕོ་སྐྱེས་༣ གྱི་ མི་རྩིས་རྐྱབ་ཡོདཔ།

༡༣/༣/༢༠༡༣  ༉ ཐིམ་ཕུ་ལུ་སྡོད་མི་ ཨ་ཁུ་ཟེར་མིའི་ གནས་ཚང་དེ་ གཞལམ་སྒང་ལས་ཨིནམ་བཞིན་དུ་ མོ་གི་ ཁྱིམ་གུང་ནང་ ངོ་མ་ཤེས་མི་ ཕོ་སྐྱེས་༣ གྱི་ མི་རྩིས་རྐྱབ་སྟེ་ཡོད་མི་ལུ་བརྟེན་ ཨ་ཁུ་གིས་ ཁོང་༣ བཏོན་གཏང་ནིའི་དོན་ལུ་ འབྲེལ་ཡོད་འགོ་དཔོན་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་དོ་ཡོདཔ་ཨིན་པས།


ཨ་ཁུ་ཁོ་ར་ སྤུ་ན་ཁ་ ཤེལ་རྔ་ནང་ལས་ཨིནམ་བཞིན་དུ་ ཁོ་གིས་ གཞལམ་སྒང་ལས་ཨིན་མི་ ཕུར་པ་དབང་མོ་དང་གཅིག་ཁར་ གཉེན་རྐྱབ་པའི་ཤུལ་ལུ་ ཐིམ་ཕུ་ ལྕང་སྒང་ཁ་ལུ་སྡོད་དེ་ ལོ་ངོ་༤༠ ལྷགཔ་ཅིག་ སོང་ཡོདཔ་ཨིན་པས།
ཨ་ཁུའི་ བཟའ་ཚང་གིས་ ཁོང་གི་མི་རྩིས་ནང་ མི་༣ ཐེབས་ཚུད་ཡོདཔ་ཤེས་པའི་ཤུལ་ལུ་ ཨ་ཁུ་གིས་ གཞལམ་སྒང་ལུ་ མི་རྩིས་བཏོན་པར་ ཚར་༥ སོང་ཡོདཔ་ཨིན་པས།
མི་རྩིས་ནང་ ཐོ་བཀོད་འབད་དེ་ཡོད་མི་༣ ཆ་ར་ སྐྱེས་ལོ་༢༠ ལྷགཔ་རེ་འབད་མི་ ཕོ་སྐྱེས་ཚུ་ཨིནམ་ད་ ཁོང་གི་གྲས་ལས་༢ ཨ་ཁུའི་བུམོ་གི་ ཨ་ལུ་ཨིནམ་སྦེ་ཡོདཔ་ད་༡ ཨ་ཁུའི་གནས་ཚང་གི་ བུ་ཨིནམ་སྦེ་ བཙུགས་ཏེ་འདུག་ཟེར་ཨིན་པས།
སྐྱེས་ལོ་༧༦ ལང་མི་ ཨ་ཁུ་གིས་ ཀུན་གསལ་ལུ་ བཤད་མི་དང་འཁྲིལཝ་ད་ ཧེ་མ་ ཁོ་གི་ཨ་ལུ་ཚུ་ མི་རྩིས་ གཞལམ་སྒང་ལུ་ཨིན་རུང་ སྤྱི་ལོ་༢༠༠༡ ལུ་ ཨ་ལུ་༤ པོ་ཆ་ར་ གཞལམ་སྒང་ ཤིང་མཁར་རྒེད་འོག་ ཝམ་གླིང་གཡུས་ཚན་ལས་ སྤུ་ན་ཁ་ལུ་ སྤོ་བཤུད་འབད་ཡི་ཟེར་ཨིན་པས།
དེ་འབདཝ་ད་ གཞལམ་སྒང་ལུ་སྡོད་མི་ ཨ་ཁུའི་གནས་ཚང་གི་ ཧེ་མའི་ བུ་དེ་གིས་ མི་རྩིས་ནང་ མི་༣ ཐེབས་འདུག་ཟེར་ སླབ་ནི་ཡོདཔ་ཨིན་རུང་ ཨ་ཁུའི་ཨ་ལུ་ཚུ་ལུ་ སླབ་འདྲས་ཟེར་མནོ་སྟེ་ ཁོང་གི་ མི་རྩིས་སྤོ་བཤུད་འབད་ད་ཡི་ཟེར་ སླབ་སྟེ་སྡོད་ཅི་ཟེར་ཨིན་པས།
ཤུལ་ལས་ དབྱེ་བ་དཔྱད་ལྟ་བའི་བསྒང་ལས་ མི་རྩིས་ནང་ཚུད་མི་ཚུ་ པདྨ་རྡོ་རྗེ་དང་ ཟླ་བ་འོད་ཟེར་ དེ་ལས་ ཕུན་ཚོགས་རྡོ་རྗེ་ཟེར་ འཁོད་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
དེ་བསྒང་ལས་ ཁོང་རའི་ བཟའ་ཚང་ནང་འཁོད་ཀྱི་ ནང་མི་མེནམ་ཤེས་ཞིནམ་ལས་ རྒེད་འོག་གི་ འགོ་དཔོན་ཚུ་ལུ་ བཏོག་གཏང་དགོཔ་སྦེ་ སླབ་ཅི་ཟེར་ ཕུར་པ་དབང་མོ་གིས་ བཤདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༠༦ ལུ་ ཕུར་པ་དབང་མོ་དང་ མོ་རའི་བུམོ་༢ གཞལམ་སྒང་ ཏིང་ཏི་སྦིས་ལུ་ ངོ་སྤྲོད་ལག་ཁྱེར་བཟོ་བར་འགྱོ་བའི་སྐབས་ ཁོང་༣ མི་རྩིས་ནང་ལས་ བཏོག་བཏང་དགོ་པའི་ཞུ་ཡིག་ རྒེད་འོག་ལུ་ ཕུལ་ཡི་ཟེར་ཨིན་པས།
ཞུ་ཡིག་བཙུགས་ཏེ་ ཟླཝ་༣ གྱི་ཤུལ་ལས་ ཤིང་མཁར་རྒཔོ་ བསོད་ནམས་ཀྱིས་ ཁོང་གི་མི་རྩིས་ནང་ཚུད་མི་ ཕོ་སྐྱེས་༣ པོ་དེ་ གཞལམ་སྒང་ལུ་སྡོད་མི་ཅིག་གི་ ཨ་ལུ་ཨིནམ་སྦེ་ སླབ་ཡོདཔ་མ་ཚད་ ཁོང་༣ ངོ་སྤྲོད་ལག་ཁྱེར་བཟོ་བར་ འོང་ནུག་ཟེར་བའི་སྐོར་ལས་ ཁོང་ལུ་ སླབ་དེས་ཟེར་ ཕུར་པ་དབང་མོ་གིས་ སླབ་ཨིན་པས།
མ་གཞི་ ཁོང་གིས་ རྒེད་འོག་གི་ འགོ་དཔོན་ཚུ་ལུ་ ངོ་སྤྲོད་ལག་ཁྱེར་མ་བྱིན་ཟེར་ སླབ་ཡོདཔ་ཨིན་རུང་ ཤུལ་ལས་ བཟའ་ཚང་གི་ ཁ་གསལ་ཚུ་ཡང་བྱིན་ཏེ་ ངོ་སྤྲོད་ལག་ཁྱེར་ བཟོ་ད་ནུག་ཟེར་ཨིན་པས།
ཕུར་པ་དབང་མོ་གིས་འབད་བ་ཅིན་ བཟང་ཚང་གི་ཁ་གསལ་ཚུ་ ག་དེ་སྦེ་ བྱིན་བྱིནམ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
ཕུར་པ་དབང་མོ་གི་བུམོ་ སྐྱེས་ལོ་༤༦ འབད་མི་གིས་འབད་བ་ཅིན་ མོ་གི་བུ་ཨིནམ་སྦེ་ བཙུགས་ཡོད་མི་ ཕོ་སྐྱེས་༢ པོ་དེ་ ཧ་ལས་སི་སི་ཅིག་ཨིནམ་མ་ཚད་ ཚེ་འདས་ཨིན་མི་ མོ་གི་རྨགཔ་དེ་ཡང་ ཁོང་གི་ ཨ་པ་ཨིནམ་སྦེ་ བཙུགས་ཏེ་འདུག་ཟེར་ཨིན་པས།
མི་རྩིས་ཀྱི་ ཐོ་བཀོད་དང་འཁྲིལཝ་ད་ ཕོ་སྐྱེས་༢ པོ་དེ་ སྤྱི་ལོ་༡༩༩༢ ཀྱི་ ཟླཝ་༡ པ་དང་༣ པ་སྦེ་ འཁོད་དེ་ཡོདཔ་ལས་ ཟླཝ་༢ ཀྱི་ནང་འཁོད་ལུ་ ཨ་ལུ་༢ སྐྱེས་ཡོདཔ་སྦེ་ འདུག་ཟེར་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༠ ལུ་རྐྱངམ་གཅིག་ ཨ་ཁུ་དང་ ཁོ་གི་བཟའ་ཚང་ཚུ་གིས་ གནད་དོན་དེ་ ཁག་ཆེ་དྲག་ཅིག་ཨིནམ་ ཧ་གོ་ཞིནམ་ལས་ ནང་སྲིད་ལྷན་ཁག་དང་ གཞལམ་སྒང་རྫོང་ཁག་གི་ འགོ་དཔོན་ཚུ་གིས་ གནད་དོན་དེ་གི་ཐད་ཁར་ ཞིབ་དཔྱད་གནང་དགོཔ་སྦེ་ ཞུ་ཡིག་བཙུགས་ཅི་ཟེར་ཨིན་པས།
དེ་འབདཝ་ད་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ག་ཅི་ཡང་ འབད་མ་ཚུགས་པར་ ལུས་དེ་ཡོད་ཟེར་ ཨ་ཁུ་གིས་ བཤདཔ་ཨིན་པས།
མི་རྩིས་ནང་ ཚུད་དེ་ཡོད་མི་ ཕོ་སྐྱེས་༣ ཆ་རའི་ ཚེ་སྲོག་ཉེན་བཅོལ་ཚུ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ སྤྲོདཔ་སྤྲོད་སར་ཡོད་ཟེར་ ཕུར་པ་དབང་མོ་གིས་ སླབ་ཨིན་པས།
དེ་འབདཝ་ད་ ག་དེམ་ཅིག་སྦེ་ ད་ལས་ཕར་ ཁོང་༣ གྱིས་ རྒྱལ་ཁབ་ཀྱི་ ཁྲིམས་ལས་འགལ་བའི་ ལཱ་རེ་འབད་བ་ཅིན་ ཁོང་གི་ བཟའ་ཚང་ལུ་ དཀའ་ངལ་སྦོམ་བྱིན་ནི་མས་ཟེར་ཨིན་པས།
ཁོང་༣ གྱི་ནང་ལས་༡ གི་ཨའི་དེ་ ཕུར་པ་དབང་མོ་དང་ ཨ་པ་ཚེ་རིང་དཔལ་འབྱོར་སྦེ་ ཐོ་བཀོད་འབད་དེ་ཡོདཔ་ལས་ ཁོང་གིས་ ཚེ་རིང་དཔལ་འབྱོར་ཟེར་མི་དེ་ ད་ལྟོ་ཚུན་ ག་ཨིན་ན་ར་ ངོ་མི་ཤེས་ཟེར་ཨིན་པས།
ཨ་ཁུ་གིས་འབད་བ་ཅིན་ དེ་བཟུམ་མའི་གནད་དོན་ཚུ་ རྫོང་ཁག་གིས་འབད་རུང་ ལེགས་ཤོམ་སྦེ་ དབྱེ་བ་དཔྱད་དགོཔ་ ཁག་ཆེ་བས་ཟེར་ཨིནམ་མ་ཚད་ ངན་ལྷད་དང་འབྲེལ་བའི་ ལཱ་ཅིག་ཨིན་པའི་ཁར་ དེ་བཟུམ་མའི་ གནད་དོན་གྱིས་ རྒྱལ་ཁབ་ཀྱི་ཉེན་སྲུང་ལུ་ཡང་ ཐོ་ཕོག་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
གཞལམ་སྒང་རྫོང་བདག་ ཀརྨ་འབྲུག་པ་གིས་འབད་བ་ཅིན་ ཁོང་གིས་ གནད་དོན་དེ་གིས་ཐད་ཁར་ ཞིབ་དཔྱད་ཚུ་འབད་བའི་བསྒང་ཡོདཔ་ཨིན་རུང་ གནད་དོན་དེ་ རྙིངམ་འབད་ནི་དེ་གིས་ འབྲེལ་ཡོད་ཡིག་ཆ་ཚུ་ འཚོལ་འཐོབ་ནི་ལུ་ ལཱ་ཁག་རྐྱབ་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment