གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་པོའི་ཞིང་གི་ ས་ཆ་དང་འབྲེལ་བའི་འཁྲུན་ཆོད་ རེས་གཟའ་སྤེན་པ་ལུ་གནང་ནི།

༦/༣/༢༠༡༣   ༉ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ རྩོད་རྙོགས་ཅན་གྱི་ རྩོད་གཞི་ཚུ་ ཟླ་ངོ་༣ དེ་ཅིག་གི་རིང་ རྩོད་བཤེར་འབད་བའི་ཤུལ་ལུ་ འཁྲུན་ཆོད་དེ་ སྤྱི་ཟླ་༣ པའི་ཚེས་༨ ལུ་ གཏོན་ནི་ཨིན་པས།


དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྩོད་ཟླ་ཚུ་གི་བར་ན་ རྫོང་ཁག་ཁྲིམས་འདུན་གྱིས་ སྙན་གསན་གྱི་ རིམ་པ་ཚུ་མཛད་ཚར་ཡོདཔ་ད་ སྙན་གསན་གྱི་ རིམ་པ་མཇུག་ར་ ཁ་ཙ་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་འཐུས་མི་ སངས་རྒྱས་རྡོ་རྗེ་ལས་ མཇུག་བསྡུ་ཡི།
རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་མགོན་པོ་རྡོ་རྗེ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཁྲིམས་འདུན་གྱི་ཧོངས་ལས་ སྙན་གསན་གྱི་ རིམ་པ་ཚུ་ མཇུག་བསྡུ་ཡོདཔ་ལས་ འཁྲུན་ཆོད་ཀྱི་ སྙན་གསན་སྐབས་འོང་དགོ་པའི་ བཀའ་ཤོག་ཚུ་ བཏང་ཡི་ཟེར་ཨིནམ་ད་ འཁྲུན་ཆོད་བཏོན་པའི་སྐབས་ལུ་ རྩོད་གཞི་གི་ རྩ་བོ་དང་ ཉེས་འདོགས་པ་ཅན་ཚུ་ འོང་ཚུགས་པ་ཅིན་ བདེན་རྫུན་ཚུ་ ལེགས་ཤོམ་སྦེ་ ཤེས་ཚུགས་ཟེར་ སླབ་ཨིན་པས།
ཨིན་རུང་ གལ་སྲིད་ ལྷོད་མ་ཚུགས་པར་ ངོ་ཚབ་བཏང་པ་ཅིན་ ངོ་ཚབ་ཀྱི་ གོ་བ་ལེན་མི་དང་ ཉེས་འདོགས་པའི་ བསམ་བློ་མི་འདྲ་ནི་ཨིནམ་ལས་ འཁྲུན་ཆོད་ལུ་ བསམ་པ་མི་རྫོགས་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ རང་གིས་འབད་མི་ ལཱ་དེ་ བདེན་ཁུངས་ག་དེ་སྦེ་ཡོད་ག་ ཤེས་ཚུགས་ནིའི་དོན་ལུ་ མི་ངོ་སྦེ་ ཁྲིམས་འདུན་ལུ་ བཅར་ནི་དེ་ ཁག་ཆེ་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ རྩོད་བཤེར་འབད་མི་ཚུ་གི་གྲས་ཁར་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་དང་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་འཐུས་མི་ བདེ་ཆེན་སེངྒེ་ དེ་ལས་ འཐུས་མི་གཞན་ཚུ་ཡོདཔ་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལ་བ་ཅིན་ ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ འཁྲུན་ཆོད་བཏོན་པའི་སྐབས་ ལྷོད་མི་ཚུགས་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།
རྒྱལ་པོའི་ཞིང་གི་ རྩོད་གཞི་དེ་ ངན་ལྷོད་བཀག་སྡོམ་ལྷན་ཚོགས་ཀྱིས་ ན་ཧིང་ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཏང་བའི་ཤུལ་ལུ་ ཉིན་གྲངས་༡༥ ལངམ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་གཞི་དེ་ལུ་ ཁྲིམས་མཐུན་མིན་འདུག་ཟེར་ རྩོད་གཞི་དེ་ ལོག་ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཏང་བའི་ཤུལ་ལུ་ ལྷན་ཚོགས་ཀྱིས་ ཁྲིམས་ཀྱི་འདུན་སར་ རྩོད་གཞི་བཙུགས་ཡོད་མི་དེ་ཡང་ ཁྲོམ་ས་དང་ ཁྱིམ་ས་བསྡོམས་ཏེ་ ས་ཚན་༩༩ བགོ་བཀྲམ་འབད་མི་ལས་ ས་ཚན་༦༧ འབདཝ་ད་ ཨེ་ཀར་༡༤.༡༢ ཁྲིམས་འགལ་ཐོག་ལུ་ སྤྲོད་ནི་དེ་གིས་ཨིན་པས།
ཁྲིམས་འགལ་དང་ ངན་ལྷད་ཞུགས་ཡོད་མི་ལུ་བརྟེན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༡༣ ལུ་ རྒྱལ་པོའི་ཞིང་གི་ རྩོད་གཞི་ཁག་༧༥ རྫོང་ཁག་ཁྲིམས་འདུན་ལུ་ ཐོ་བཀོད་འབད་བའི་ཤུལ་ལུ་ ཐོག་མའི་བརྗོད་དོན་གྱི་ སྙན་གསན་ཚུ་ ན་ཧིང་ སྤྱི་ཟླ་༡༠ པའི་ཚེས་༡༠ ལས་ འགོ་བཙུགས་གནང་མི་དེ་གིས་ ཁ་ཙ་ རྐྱངམ་གཅིག་མཇུག་བསྡུ་ཡོདཔ་ཨིན་པས།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ལུ་ ཡིག་ཆ་རྫུས་མ་བཟོ་མི་དང་ ཐིའུ་རྫུས་མ་བཟོ་ཐོག་ལས་ ས་ཆ་བགོ་བཀྲམ་འབད་ཡོདཔ་ལས་ སྤྱི་ལོ་༡༩༥༣ གྱི་ ཁྲིམས་གཞུང་ཆེན་མོའི་དོན་ཚན་ ན་༡-༢ པའི་ ཉེས་ཁྲིམས་སྨིན་དགོ་ཟེར་ ཉེས་འཛུགས་འབད་ཡོད་མི་དེ་ཡང་ ཚོགས་དཔོན་གྱིས་ སྤྱི་ལོ་༡༩༩༩ ལས་༢༠༠༢ ཚུན་ མོང་སྒར་རྫོང་བདག་སྦེ་ སྡོད་པའི་སྐབས་ལུ་ ས་ཆ་བགོ་བཀྲམ་༩༩ ལས་༩༤ འབད་ཡོད་མི་དེ་ནང་ ཁོ་རའི་ཨ་ལུ་༢ དང་ ཁྱིམ་ནང་ལཱ་འབད་མི་༡ ལུ་ཡང་ ས་སྤྲོད་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ བློན་པོ་མི་འགྱུར་རྡོ་རྗེ་གིས་ཡང་ སྤྱི་ལོ་༢༠༠༥ དང་༢༠༠༦ གི་བར་ན་ ཁོ་ར་ མོང་སྒར་རྫོང་བདག་སྦེ་ སྡོད་པའི་སྐབས་ལུ་ ས་ཆ་ཚུ་ གཞུང་གི་ལམ་ལུགས་ལས་འགལ་ཏེ་ དགྲ་མེད་རྩེ་གྲྭ་ཚང་དང་ བུམ་ཐང་མཁར་ཆུ་གྲྭ་ཚང་ དེ་ལས་ སྐུ་འཁོར་༢ དང་ ཀུན་བཟང་སྒྲོལ་མ་ལུ་ ས་ཆ་སྤྲོད་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༩༤ ཀ་པ་དང་འཁྲིལ་ དོན་ཚན་༢༩༥ ཀྱི་ ཉེས་ཁྲིམས་སྨིན་དགོ་པའི་ ཉེས་འཛུགས་བཙུགས་ནུག།
ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ དྲུང་ཆེན་ཨིན་མི་ བདེ་ཆེན་སེངྒེ་ལུ་ཡང་ ཁྲིམས་གཞུང་ཆེན་མོའི་དོན་ཚན་ ན་༡-༢ པའི་དགོངས་དོན་དང་འཁྲིལ་ ཉེས་འཛུགས་འབད་ཡོདཔ་ད་ ཁོ་གིས་ ཡིག་ཆ་རྫུས་མ་བཟོ་སྟེ་ གཡོ་སྒྱུའི་ལཱ་འབད་ཡོདཔ་མ་ཚད་ ཁོ་རའི་སྲིངམོ་ལུ་ཡང་ ས་ཆ་སྤྲོད་ཡོད་ནི་དེ་གིས་ཨིན་ཟེར་ཨིན་པས།
རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་འཐུས་མི་༡༨ ཡོད་ས་ལས་ འཐུས་མི་༢ ཕྱི་རྒྱལ་ལུ་ ཤེས་ཡོན་སྦྱང་པའི་བསྒང་ཡོདཔ་ད་ ད་རུང་ འཐུས་མི་གཞན་༢ པོ་དེ་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༡ པའི་ཚེས་༡༡ ལུ་ རྩོད་གཞི་ཕྱེ་མ་དགོ་པར་ བཤོལ་བཞག་འབད་ཡོད་མི་དེ་ཡང་ ཁོང་༢ ཀྱི་མིང་ཐོ་དེ་ གྲོས་ཆོད་ནང་ཡོད་རུང་ ཞལ་འཛོམས་ཀྱི་ ཐོ་དེབ་ནང་ མཚན་རྟགས་བཀོད་དེ་མེད་པའི་ སྒྲུབ་བྱེད་ཐོག་ལུ་ དགོངས་ཡངས་བཏང་ཡོདཔ་ད་ འཐུས་མི་ཚུ་ག་ར་ བློན་པོ་མི་འགྱུར་རྡོ་རྗེའི་སྐབས་ལུ་ བཅའ་མར་གཏོགས་མི་ཚུ་ཨིན་པས།
དྲང་དཔོན་མགོན་པོ་རྡོ་རྗེ་གིས་ རྒྱལ་པོའི་ཞིང་གི་ རྩོད་གཞི་ལུ་བརྟེན་ ད་རེས་ནངས་པ་ ཉིན་ནུབ་མེད་པར་ ལཱ་འབད་དེ་ཡོད་ཟེར་བཤད་པའི་ཁར་ གཞུང་གི་ངལ་གསོའི་སྐབས་ལུ་ཡང་ སྡོད་ནི་མེད་པར་ འཁྲུན་ཆོད་བཟོ་བའི་བསྒང་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment