གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་བསྙེན་རྒེད་འོག་ནང་ འདེམས་ངོའི་དོན་ལུ་ མཐོ་རིམ་ཤེས་ཚད་ཅན་མེདཔ།

༡༥/༣/༢༠༡༣   ༉ ཐིམ་ཕུ་ དགེ་བསྙེན་ཁའི་རྒེད་འོག་ནང་ ཁྱིམ་གུང་པ་༡༣༠ ནང་ ཚོགས་རྒྱན་བཙུགས་ཆོག་པའི་ མི་ངོམ་༦༦༤ ཡོད་དེ་འབད་རུང་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ཅིག་ཡང་ མེད་མི་ལུ་བརྟེན་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་དང་ སྲིད་དོན་ཚོགས་པ་ནང་ བཅའ་མར་གཏོགས་མི་ མེདཔ་ཨིན་པས།


རྒེད་འོག་གི་ དམངས་མི་རྣམ་རྒྱས་ཀྱིས་ བཤད་མི་དང་འཁྲིལཝ་ད་ དགེ་བསྙེན་རྒེད་འོག་ནང་ སྤྱི་འོག་༥ ཡོད་ས་ལས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ ག་ཡང་མེད་མི་དེ་ བློ་ཕམ་གི་གཞི་གནས་ཅིག་ཨིན་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དགེ་བསྙེན་གཡུས་ཚན་ནང་ལས་ ན་གཞོན་ཚུ་གིས་ སློབ་རིམ་༡༢ པ་ཚུན་ ལྷབ་ཡོདཔ་མ་གཏོགས་ མང་ཤོས་ཅིག་གིས་ སློབ་རིམ་༧ པ་དང་༨ པ་ཚུན་ལྷབ་ཞིནམ་ལས་ དམག་མི་དང་ སོ་ནམ་ཞིང་ལཱ་ དེ་ལས་ དགེ་སློང་ནང་འགྱོ་མི་ཚུ་ ཨིན་མས་ཟེར་ཨིན་པས།
ད་རེས་ནངས་པ་འབད་བའི་བསྒང་ལས་ ཤེས་ཡོན་དེ་ ག་དེམ་ཅིག་ཁག་ཆེཝ་ཨིན་ན་ ཤེས་རྟོགས་བྱུང་ཡོད་པའི་ཁར་ ཁོ་གི་ མནོ་བསམ་ལས་འབད་བ་ཅིན་ ན་གཞོན་ཚུ་གིས་ ཉུང་མཐའ་མཐོ་རིམ་ཤེས་ཚད་ ལྷབ་དགོཔ་དེ་ ཁག་ཆེ་བའི་དུས་ཚོད་ཁར་ ལྷོད་དེ་འདུག་ཟེར་ཨིན་པས།
དམངས་མི་ རྣམ་རྒྱས་ལུ་ ཨ་ལུ་གཉིས་ཡོད་མི་དེ་ ཅིག་སློབ་རིམ་༨ པ་དང་ ཅིག་སློབ་རིམ་༤ པའི་ནང་ ལྷབ་དོ་ཡོདཔ་ལས་ ཁོ་ལུ་ དཀའ་ངལ་ག་དེམ་ཅིག་ར་ བྱུང་སྟེ་འབད་རུང་ ཁོ་རའི་ ཨ་ལུ་གཉིས་ལུ་ ཤེས་ཡོན་སྤྲོད་ནི་ལས་ ཟུར་ཐབས་མི་འབད་ཟེར་ཨིན་པས།
བཟང་ལེགས་ཁ་སྤྱི་འོག་ལས་ སྐྱེས་ལོ་༥༧ ལང་མི་ ཨཔ་རྣམ་རྒྱས་ཀྱིས་ བཤད་མི་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་འདི་ ད་རེས་གྱི་གནས་སྟངས་ནང་བཟུམ་སྦེ་ དམངས་གཙོའི་རིང་ལུགས་ནང་འགྱོ་འོང་ཟེར་བའི་ མནོ་བསམ་རྩ་ལས་ར་ མ་བཏང་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ འགོ་བཙུགས་པའི་བསྒང་ལས་ དེ་ནང་ བཅའ་མར་གཏོགས་དགོ་པ་ཅིན་ ཉུང་མཐའ་མཐོ་རིམ་ ཤེས་ཚད་ ཡོད་མི་དགོཔ་ལས་ ཤེས་ཡོན་གྱི་གལ་ཆེ་ཧིང་དེ་ ཧ་གོ་ཡི་ཟེར་ཨིན་པས།
དགེ་བསྙེན་རྒེད་འོག་ནང་ལས་ འདེམས་ངོ་ཐོན་མི་ མེད་དེ་འབད་རུང་ ནུབ་ཕྱོགས་ཐིམ་ཕུ་ལས་ ཐོན་མི་ཚུ་ལུ་ ལྕོགས་གྲུབ་ཅན་ ག་ཡོདཔ་ཨིན་ན་ ལྟ་ཞིནམ་ལས་ ཚོགས་རྒྱན་བཙུགས་ཏེ་ བཙག་འཐུ་འབད་ནིའི་འཆར་གཞི་ ཡོད་ཟེར་ཨིན་པས།
གཞུང་གི་ ཁ་ཐུག་ལས་དེ་ ཤེས་ཡོན་གྱི་གོ་སྐབས་ འདྲ་མཉམ་སྦེ་ གནང་ཡོད་རུང་ ན་གཞོན་ཚུ་གིས་ ལཱ་གཡོག་ནང་འཛུལ་ནི་ལུ་ སྤྲོ་བ་བསྐྱེད་མི་ལུ་བརྟེན་ ཤེས་ཡོན་མཐར་འཁྱོལ་ བྱུང་མ་ཚུགས་པས་ཟེར་ཨིན་པས།
མ་འོངས་པར་ རྒེད་འོག་གི་ན་གཞོན་ཚུ་གིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཏེ་ རྒྱལ་ཁབ་ཀྱི་དམངས་གཙོ་རིང་ལུགས་ནང་ འདེམས་ངོ་སྦེ་ བཅའ་མར་གཏོགས་ཚུགས་པའི་རེ་བ་ཡོད་ཟེར་ རྣམ་རྒྱས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment