གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ ཕན་གྲོགས་ཅན་གྱི་ ཅ་ཆས་གྲོགས་རམ་ཐོབ་ཡོདཔ།

༡༥/༣/༢༠༡༣   ༉ ཐིམ་ཕུ་ལུ་སྡོད་མི་ འཆི་མེད་དབང་མོ་གི་བུ་ སྐྱེས་ལོ་༤ ལང་མི་དེ་ལུ་ ལམ་འགྱོ་མ་ཚུགས་པའི་ དཀའ་ངལ་ཡོད་མི་དང་འཁྲིལ་ ད་རེས་ཁམས་ རྒྱ་གར་ ཝེ་ལོར་སྨན་ཁང་ནང་ སྨན་བཅོས་འབད་བར་ འབག་པའི་སྐབས་ རྩ་ཁམས་སྦྱང་བའི་དོན་ལུ་ ཊེཌི་མིལ་ཟེར་མི་ འཕྲུལ་ཆས་ལག་ལེན་ འཐབ་ཡོདཔ་ཨིན་རུང་ ལོག་འབྲུག་ལུ་ལྷོད་ཞིནམ་ལས་ མཐུན་རྐྱེན་མེད་མི་ལུ་བརྟེན་ སྦྱང་བ་འཕྲོ་མཐུད་དེ་ འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
གྲོགས་རམ་ཐོབ་མི་ ཅ་ཆས་ཚུ་གུ་སྡོད་མི་ དབང་པོ་སྐྱོན་ཅན་དང་ ཕམ་ཚུ།


ཨིན་རུང་ ད་ལས་ཕར་ ལྕང་ཟམ་ཏོག་ ཝའིཊི་ པི་ཇཱན་སྐྱེལ་འདྲེན་ཞབས་ཏོག་ ཡིག་ཚང་གི་ སྦོ་ལོགས་ཁར་ཡོད་པའི་ འབྲུག་ལྕོགས་གྲུབ་མི་སྡེ་ལྟེ་བའི་ནང་ བདུན་ཕྲག་རེ་ལུ་ཚར་རེ་ འབག་འོང་ནི་ཨིན་མི་དེ་ཡང་ ཁ་ཙ་ ཀེ་ནེ་ཌ་གཞི་ཚོགས་ཀྱི་ མ་དངུལ་རྒྱབ་བསྐྱོ་ཐོག་ལས་ དབང་པོ་ལུ་ ཐོ་ཕོག་མི་ ཨ་ལུ་ཚུ་གི་དོན་ལུ་ ལུས་སྦྱོང་འཕྲུལ་ཆས་དང་ གཞན་ཡང་ རྩེདམོ་བརྩེ་ནི་དང་ བདེ་ཆས་ལེ་ཤ་ཅིག་ར་ མཁོ་གྲུབ་འབད་དེ་ འགོ་འབྱེད་འབད་ཡོད་མི་ལུ་ བརྟེན་ཏེ་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༣༣ འབད་མི་ པདྨ་ཏ་མང་གི་ སྐྱེས་ལོ་ ལོ་༡ ལྷགཔ་ཅིག་འབད་མི་ ཨ་ལུ་དེ་ཡང་ དབང་པོ་ལུ་ ཐོ་ཕོག་མི་ཅིག་འབདཝ་ལས་ ལྟེ་བའི་ནང་ གཟུགས་ཁམས་ལུ་ཕན་པའི་ཁར་ སེམས་ཁམས་ལུ་ཡང་ ཕན་ནི་ཨིན་མི་ ཅ་ཆས་ཚུ་སྤྱོད་ནིའི་དོན་ལུ་ འཕྲལ་འཕྲལ་སྦེ་ར་ འབག་འོང་ནི་ཨིན་ཟེར་ཨིན་པས།
ལྟེ་བའི་ལས་བྱེདཔ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལྟེ་བ་དེ་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༥ ཚུན་ སྒོ་ཕྱེ་སྟེ་ར་ བཞག་ནི་ཨིནམ་ལས་ ཞབས་ཏོག་ལེན་འདོད་ཡོད་མི་ཚུ་གིས་ དུས་ནམ་ར་འབད་རུང་ ཞབས་ཏོག་ཚུ་ སྤྱོད་ཚུགས་ཟེར་ཨིན་པས།
འགོ་དཔོན་གཞན་ཅིག་གིས་འབད་བ་ཅིན་ གྲོགས་རམ་དེ་ལུ་བརྟེན་ ད་ལས་ཕར་ དབང་པོ་སྐྱོན་ཅན་ཚུ་ལུ་ སྤུས་ཚད་ཅན་གྱི་ ཞབས་ཏོག་བྱིན་ཐོག་ལས་ མི་ཚེའི་གནས་སྟངས་ ཡར་དྲག་གཏང་ནི་ལུ་ ཕན་པ་འབྱུང་འོང་ཟེར་ཨིན་པས།
ལས་འགུལ་གྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་འབུམ་༡༡ དེ་ཅིག་ གྲོགས་རམ་ཐོབ་ས་ལས་ ད་ལྟོ་ཚུན་ལུ་ མ་དངུལ་བརྒྱ་ཆ་༩༠ ལྷོད་ཡོདཔ་ད་ ད་རུང་ བརྒྱ་ཆ་༡༠ ལྷོད་འོང་ཟེར་ ལྟེ་བའི་མི་སྡེའི་ལས་བྱེདཔ་ ཐུགས་རྗེ་གིས་ སླབ་ཨིན་པས།
དེ་དང་འཁྲིལ་ ད་རེས་ ཀེ་ན་ཌ་གཞི་ཚོགས་ཀྱིས་ དུས་མཐུན་གྱི་ གྲོགས་རམ་འབད་མི་ལུ་བརྟེན་ དབང་པོ་སྐྱོན་ཅན་འབད་མི་ཚུ་གི་ མི་ཚེའི་གནས་སྟངས་ནང་ ཁྱད་པར་སྦོམ་སྦེ་ར་ བཟོ་ཚུགས་པའི་ གོ་སྐབས་ཡོདཔ་ཨིན་པས།
ལས་བྱེདཔ་ཚུ་གིས་འབད་བ་ཅིན་ འཇམ་ཏོང་ཏོ་སྦེ་ འབག་འགྱོ་ཚུགས་པའི་ ཅ་ཆས་ཚུ་ མི་སྡེའི་ཞབས་ཏོག་གི་དོན་ལུ་ ལཱ་འབད་མི་ཚུ་གིས་ དབང་པོ་སྐྱོན་ཅན་འབད་མི་ ཨ་ལུ་ཚུ་གི་ཁྱིམ་ནང་འབག་སྟེ་ ལག་ལེན་འཐབ་བཅུག་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment