གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་སྡེ་ནང་ འོས་འབབ་ཅན་གྱི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཡར་སེང།

༡༤/༣/༢༠༡༣   ༉ དུས་ཅི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་སྐབས་ལུ་ ཞི་གཡོགཔ་ཚུ་གི་ བཟའ་ཚང་ཚུ་ལུ་ཡང་ འགྲེམ་ཐོག་ཚོགས་རྒྱན་ཞབས་ཏོག་གི་ གོ་སྐབས་བྱིན་མི་ལུ་བརྟེན་ འདས་པའི་སྤྱི་ཚོགས་ཀྱི་ བཙག་འཐུ་དང་ཕྱདཔ་ད་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ ལོག་ལྟབ་ཀྱིས་ ཡར་སེང་འགྱོ་ནི་ཨིན་པས།


དེ་ཡང་ སྤྱི་ཟླ་༣ པའི་ཚེས་༡༠ ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་ཐོ་ཡིག་གསལ་སྟོན་འབད་བའི་སྐབས་ འོས་འབབ་ཅན་གྱི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༤༩,༧༠༦ གིས་ ཐོ་བཀོད་འབད་ནུག།
ཨིན་རུང་ འཕྲལ་ཁམས་ཅིག་ཁར་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་ གསལ་སྟོན་འབད་ཞིནམ་ལས་ ཐོབ་བརྗོད་བཀོད་ནི་དང་ དག་ཆའི་དོན་ལུ་ གོ་སྐབས་སྤྲོད་མི་དང་འབྲེལ་ འོས་འབབ་ཅན་གྱི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ ལེ་ཤ་ཅིག་གིས་ ཐོ་བཀོད་ནང་ཚུད་མ་ཚུད་བརྟག་ཞིབ་ཐོག་ མ་ཚུད་པར་ལུས་མི་དང་ ད་རུང་ ལྷན་ཚོགས་ཀྱིས་ ལས་སྡེ་ཁག་ཚུ་ནང་ གོ་བརྡ་ཤེས་ཡོན་ལས་རིམ་ཚུ་ འགོ་འདྲེན་འཐབ་མི་ལུ་བརྟེན་ ད་རུང་ ཐོ་བཀོད་འབད་མི་ ཐོནམ་ཐོན་ས་ར་ཡོད་ཟེར་ཨིན་པས།
འགོ་ཐོག་ འོས་འབབ་ཅན་གྱི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་གིས་ ཐོ་བཀོད་འབད་དགོ་པའི་ ཚེས་གྲངས་གསལ་བཀོད་འབད་དེ་ སྤྱི་ཟླ་༢ པའི་ཚེས་༢༥ ལུ་ ཐོ་བཀོད་ཚེས་གྲངས་མཇུག་བསྡུཝ་ད་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༣༩,༧༠༠ ལྷགཔ་ཅིག་གིས་ ཐོ་བཀོད་འབད་ནུག་ཟེར་ཨིན་པས།
ཚེས་གྲངས་དེ་གི་ཤུལ་ལས་ ད་རུང་ ཐོ་བཀོད་ཕྱིས་ཏེ་ལུས་སོང་མི་ འོས་འབབ་ཅན་ཚུ་གིས་ རྒྱུ་མཚན་རྣམ་དག་བཀོད་མི་ལུ་བརྟེན་ འོས་འབབ་དབྱེ་ཞིབ་ཐོག་ ཐོ་བཀོད་འཕྲོ་མཐུད་འབད་ཡོདཔ་མ་ཚད་ སྤྱི་ཟླ་༣ པའི་ཚེས་༡༠ ལུ་ བཙག་འཐུའི་ཐོ་ཡིག་གསལ་སྟོན་འབད་བའི་ཤུལ་ལས་ ཁ་ཙ་ཚུན་ ཉིནམ་༣ དེ་ཅིག་གི་ནང་འཁོད་ལུ་ འོས་འབབ་ཅན་གྱི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༥,༩༠༣ ཐོན་ཡི་ཟེར་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་དེ་ དྲག་ཁག་གསུམ་གྱི་དམག་མི་དང་ ཞི་གཡོགཔ་ཚུ་ བརྡ་བརྒྱུདཔ་ དེ་ལས་ ལས་སྡེ་གཞན་ བཙག་འཐུའི་སྐབས་ལུ་ ཞབས་ཏོག་མཁོ་སྤྲོད་འབད་དགོཔ་ཡོད་མི་ དཔེར་ན་ བརྒྱུད་འཕྲིན་ལས་སྡེ་ཚུ་དང་ གློག་མེ་ལས་འཛིན་ཚུ་གི་ལས་བྱེདཔ་ཚུ་ལུ་ གོ་སྐབས་སྤྲོད་ཡོདཔ་ཨིན་ཟེར་ཨིན་པས།
དེ་མ་ཚད་ ཞི་གཡོག་ཚུ་གི་བཟའ་ཚང་དང་ ཕྱི་རྒྱལ་ཁབ་ཚུ་དང་ ནང་འཁོད་སློབ་ཕྲུག་ ལོ་ཚད་ལང་མི་ཚུ་དང་ བཙོན་པ་ཚུ་ལུ་ཡང་ འགྲེམ་ཐོག་ཚོགས་རྒྱན་ཞབས་ཏོག་གི་ གོ་སྐབས་ཡོདཔ་ཨིན་པས།
དུས་ཅི་ ཨེ་མི་རི་ཀ་ལས་ཡང་ འབྲུག་མི་༢༧༠ ལྷགཔ་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་གི་ ཐོ་བཀོད་འབད་ཡོདཔ་ཨིན་པས།
བཙག་འཐུའི་སྐབས་ འགྲེམ་ཐོག་ཚོགས་རྒྱན་གྱིས་ ཁྱད་པར་སྦོམ་བཟོ་དོ་ཡོདཔ་མ་ཚད་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཟད་འགྲོ་ཡང་ ནང་འཁོད་འགྲེམ་ཐོག་ཚོགས་རྒྱན་རེ་ལུ་ དངུལ་ཀྲམ་ཡོངས་བསྡོམས་༡༦༠ རེ་ གནས་ནི་ཨིནམ་མ་ཚད་ ཕྱི་ཁར་གྱི་དོན་ལུ་ ཟད་འགྲོ་ཐེབས་གནས་ནི་ཨིན་པས།
ཐོ་བཀོད་མ་འབད་བར་ལུས་མི་ འོས་འབབ་ཅན་གྱི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་གིས་ སྤྱི་ཟླ་༣ པའི་ཚེས་༢༠ གི་ནང་འཁོད་ལུ་ ཐོ་བཀོད་འབད་ནི་གི་ གོ་སྐབས་ཡོདཔ་ད་ བཙག་འཐུའི་ཐོ་ཡིག་ནང དག་ཆ་དང་ ཐོབ་བརྗོད་བཀོད་ནི་ མཇུག་བསྡུཝ་དང་འབྲེལ་ འོས་འབབ་ཅན་གྱི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་གིས་ ཐོ་བཀོད་འབད་ནི་ཡང་ མཚམས་འཇོག་འབད་ནི་ཨིན་པས།
ངོས་ལེན་འགོ་དཔོན་ཚུ་གིས་ ཞུ་ཡིག་ལྷོད་མི་གི་ ཁ་བྱང་དང་བསྟུན་ འགྲེམ་ཐོག་ཚོགས་རྒྱན་དེ་ འབྲེལ་ཡོད་ཚོགས་རྒྱན་བཙུགས་མི་ཚུ་ལུ་ བཏང་ནི་དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་ལེན་ནི་ མཚམས་འཇོག་འབད་བའི་ ཚེས་གྲངས་ལས་ འགོ་བཙུགས་ནི་ཨིན་པས།
འདས་པའི་ སྤྱི་ལོ་༢༠༠༧ གྱི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་སྐབས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་བཙུགས་མི་༢༠,༩༩༢ ལྷོད་ཡོད་མི་ལས་ ཞུ་ཡིག་༡༢,༢༠༠ དེ་ཅིག་ ཚུལ་མཐུན་མེད་མི་ལུ་བརྟེན་ ཆ་མེད་སོང་ཡོདཔ་ཨིན་པས།
ཚོགས་རྒྱན་བཙུགས་མི་ལས་ འགྲེམ་ཐོག་ཚོགས་རྒྱན་༦,༥༥༠ དེ་ཅིག་ ལྷོད་ཡོད་མི་ལས་ གྲུབ་འབྲས་བསྡོམས་ད་ ཚུལ་མཐུན་བཀོད་ཡོད་མི་ འགྲེམ་ཐོག་ཚོགས་རྒྱན་༤,༧༤༢ དེ་ཅིག་མ་གཏོགས་ ཆ་འཇོག་འབད་མི་ མེདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment