གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༡༢/༣/༢༠༡༣   དགོངས་ཞུ་འབད་ནི་ ཡང་ཅིན་ དུས་ཡུན་མ་ཚང་ཚུན་སྡོད་ནིའི་གདམ་ཁ།
༉ སྤྱི་ཟླ་༣ པའི་ཚེས་༡༠ ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དེ་ རང་ལུགས་གནམ་ལོ་ཆུ་མོ་སྦྲུལ་ལོ་ ཟླ་༣ པའི་ཚེས་༡༣ མམ་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ འགོ་འདྲེན་འཐབ་ནི་སྦེ་ གསལ་བསྒྲགས་འབད་མི་དང་བསྟུན་ ཚོགས་སྡེའི་དོན་ལུ་ འདེམས་ངོ་གསརཔ་ཐོན་མི་དང་ ལོག་བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་ དང་འདོད་ཡོད་མི་ཚུ་གི་ དུས་ཡུན་བདུན་ཕྲག་༦ དེ་ཅིག་ལས་བརྒལ་མིན་འདུག།



འདི་འབདཝ་ད་ བཙག་འཐུ་ལྷན་ཚོགས་ཀྱིས་ ད་ལྟོ་ གོ་གནས་ཐོག་ལུ་ཡོད་མི་ ཚོགས་སྡེའི་འཐུས་མི་ཚུ་ ཡིག་ཚང་གི་ གནས་ཡུན་མ་ཚངམ་ལས་ བཙག་འཐུའི་ནང་ དོ་འགྲན་འབད་ཆོག་མི་ཆོག་གི་སྐོར་ལས་ ཁ་གསལ་ཅིག་ མ་བཤདཔ་ཨིན་རུང་ གོ་གནས་གུ་ཡོད་མི་ འཐུས་མི་ཚུ་ སླར་ལོག་དོ་འགྲན་འབད་ནི་གི་ དང་འདོད་ཡོད་པ་ཅིན་ དགོངས་ཞུ་འབད་དགོ་ཟེར་ གསལ་བསྒྲགས་འབད་ཡི།
དགོངས་ཞུ་འབད་དགོ་ཟེར་ སླབ་མི་དེ་གིས་ ད་ཚུན་གྱི་བར་ན་ ཚོགས་སྡེའི་འཐུས་མི་ཚུ་ དགོངས་ཞུ་འབད་དེ་ བཙག་འཐུའི་ནང་ ལོག་དོ་འགྲན་འབད་བ་ཅིན་ ཁོང་རའི་ དགོངས་ཞུའི་ཐོབ་ལམ་ཚུ་ མི་འཐོབ་ནི་གི་ ཚ་གྱང་ལང་སྡོད་པའི་ ནམ་དུས་ལུ་ ལྷག་པར་དུ་ མགུ་འཐོམ་སི་སི་དང་ ག་གདམ་ནི་ཨིན་ན་མ་ཤེས་པའི་ དཀའ་ངལ་ཅན་གྱི་ གནས་སྟངས་ཅིག་ལུ་ གྱུར་ཡོདཔ་བཟུམ་སྦེ་ མཐོང་སྣང་བྱུངམ་མས།
རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་ཁྲིལ་བ་ཅིན་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་གིས་ ཚོགས་ཁང་རང་སོའི་ཞལ་འཛོམས་དང་པ་འཚོགས་པའི་ ཚེས་གྲངས་ལས་རྩིས་ཏེ་ ལོ་ངོ་ལྔའི་རིང་འཕྲོ་མཐུད་དེ་ ཚང་དགོཔ་ད་ དམིགས་བསལ་དུ་ རྒྱལ་ཡོངས་ཚོགས་སྡེ་གིས་ རང་གི་ལོ་ལྔའི་གནས་ཡུན་ཧྲིལ་པོར་ཚང་དགོཔ་ལས་ གོ་གནས་གུ་ ལོག་བཙག་འཐུའི་བྱ་རིམ་ནང་ འབྲེལ་གཏོགས་འབད་ཆོག་མི་ཆོག་གི་སྐོར་ལས་ གསལ་བཀོད་འབད་འབདཝ་མེད་ནི་དེ་གིས་ བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་བཅའ་ཁྲིམས་ཀྱི་ དོན་འགྲེལ་འབདཝ་ཨིན་མས།
སྤྱི་ཚོགས་ཀྱི་ འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་དང་འཁྲིལཝ་ད་ འཐུས་མི་ཚུ་གི་ དགོངས་ཞུའི་ཐོབ་ལམ་ ཐོབ་དགོ་པ་ཅིན་ གནས་ཡུན་ལོ་ངོ་༥ ཚང་དགོཔ་ད་ བཙག་འཐུ་ལྷན་ཚོགས་ཀྱི་ གསལ་བསྒྲགས་དང་འཁྲིལ་བ་ཅིན་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་བ་ཅིན་ དགོངས་ཞུའི་ཐོབ་ལམ་ཚུ་ བློས་གཏང་དགོཔ་ཨིན་མས།
འཕྲལ་ཁམས་ཅིག་ཁར་ མངོན་མཐོ་ཁྲིམས་འདུན་གྱིས་ གནས་ཡུན་ལོ་༥ ཟེར་མིའི་ གོ་དོན་ཐོག་ལུ་ དོན་འགྲེལ་གནང་པའི་ ལོ་རྒྱུས་ཡོདཔ་ལས་ ད་ལྟོའི་ འཐུས་མི་ཚུ་གིས་ ཡིག་ཚང་གི་ གནས་ཡུན་ཐོག་ བཙག་འཐུའི་ནང་ བཅའ་མར་གཏོགས་ཆོག་ནི་དང་ དགོངས་ཞུའི་ཐོབ་ལམ་ཚུ་ཡང་ཐོབ་སྦེ་ གསལ་བཀོད་འབད་ཡོད་པའི་ ལོ་རྒྱུས་འདྲ་མ་འདྲཝ་ཚུ་གོ་ཡི།
མངོན་མཐོ་ཁྲིམས་འདུན་གྱིས་གནང་མི་ ཁྲིམས་ཀྱི་དོན་འགྲེལ་དེ་ སྤྱི་ཚོགས་དང་པའི་ མཐའན་མཇུག་གི་ ཚོགས་ཐེངས་༡༠ པ་མཇུག་བསྡུའི་རྟེན་འབྲེལ་ནང་དང་ ཡང་ཅིན་ བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཚེས་གྲངས་གསལ་བསྒྲགས་འབད་བའི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་རྒྱ་གནང་འོང་མནོ་བའི་ རེ་བ་བསྐྱེད་དེ་སྡོད་ཡོདཔ་ཨིན་མས།
ཨིན་རུང་ འཐུས་མི་ལ་ལུ་ཅིག་གིས་ གོ་གནས་ཐོག་ཡོད་མི་ འཐུས་མི་ཚུ་ བཙག་འཐུའི་བྱ་རིམ་ནང་ འབྲེལ་གཏོགས་འབད་ཆོག་པའི་ བཀའི་གནང་བ་ ཤུལ་མའི་ཉིནམ་༣ དེ་ཅིག་གི་ ནང་འཁོད་ལུ་ སྤེལ་གནང་བའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་རུང་ བཙག་འཐུའི་བྱ་རིམ་ དཔེར་ན་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་གི་ ཞུ་ཡིག་བཙུགས་ནི་ཚུ་ ཁ་ཙ་ལས་ འགོ་བཙུགས་ཡོདཔ་མ་ཚད་ མི་ངོ་ཚུ་ རྒེད་འོག་དང་ ཁྲོམ་སྡེའི་གནས་རིམ་ནང་ གདམ་འཐུ་འབད་ནི་གི་ འཛོམས་དུ་ཚུ་ ད་རིས་ལས་ འགོ་བཙུགས་ནི་ཨིནམ་ལས་ ཚོགས་སྡེའི་འཐུས་མི་ཚུ་ རང་སོའི་བློ་འདོད་དང་འཁྲིལ་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་རུང་ བཙག་འཐུའི་བྱ་རིམ་གྱི་ ཁྱད་ཚད་ཚང་ཚུགས་པར་ ལཱ་ཁག་འོང་ནི་བཟུམ་མཐོངམ་མས་ཟེར་ ཞུ་ནི་ཨིན།

No comments:

Post a Comment