གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཙན་དན་ཤིང་ཚུ་ ཉམས་ནིའི་ཉེན་ཁ་ཡོདཔ།

༡༣/༣/༢༠༡༣  ༉ བུམ་ཐང་ཨོ་རྒྱན་དབང་ཕྱུག་མཐའ་འཁོར་དང་ཉམས་སྲུང་སྤེལ་ཁང་གིས་ ཞིབ་འཚོལ་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ འབྲུག་གི་རྒྱལ་ཡོངས་ཤིང་ ཙན་དན་ཤིང་དེ་ རྒྱལ་ཁབ་ནང་འཁོད་ཀྱི་ རྫོང་གཞིས་དང་ ལྷ་ཁང་རྩ་ཅན་ དེ་ལས་ དྲན་རྟེན་ཚུ་གི་དོན་ལུ་ ཚད་ལས་བརྒལ་ཏེ་ བརྡབ་དོ་ཡོད་པའི་ཁར་ ཤིང་དེ་ ད་ལྟོའི་བར་ན་ཡང་ ཁྱིམ་རྐྱབ་ནི་གི་དོན་ལུ་ དགོས་མཁོ་ཆེ་དྲགས་སྦེ་ བརྩིས་ཏེ་འདུག་ཟེར་ཨིན་པས།


སྙན་ཞུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཙན་དན་ཤིང་སྐྱེས་སའི་ ས་ཁོངས་ནང་ཡོད་མི་ཚུ་ག་ར་ རྒྱལ་ཁབ་ནང་ རྫོང་གཞིས་དང་ དགོན་སྡེ་ཁག་༢༠༠༢ ལྷགཔ་ཅིག་ཡོད་མི་ཚུ་ གསར་བཞེངས་དང་ ཉམས་གསོ་ཞུ་ནི་གི་དོན་ལུ་ བརྡབ་ཚར་ཏེ་འདུག་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཙན་དན་ཤིང་དེ་ ཁྱིམ་རྐྱབ་ནིའི་དོན་ལུ་ སྤྱོད་དོ་ཡོད་པའི་ཁར་ ཤིང་ཚུ་ཡང་ ག་ཏེ་དགོ་ས་ལས་ཕར་ ཐོབ་ཚུགས་དོ་ཡོདཔ་ལས་ སྐྱེལ་འདྲེན་གྱི་དོན་ལུ་ གཙང་ཆུ་ལག་ལེན་འཐབ་ཡོདཔ་ལས་ ད་ལྟོ་ཡང་ ལྕགས་ཤོག་ཉོ་མ་ཚུགས་མི་ཚུ་གིས་  ཁྱིམ་ཐོག་གི་དོན་ལུ་ ཤིང་དེ་ར་ ལག་ལེན་འཐབ་སྟེ་འདུག་ཟེར་ཨིན་པས།
དེ་མ་ཚད་ དེང་སང་གི་ འཕྲུལ་རིག་ཐོག་ལས་ ཤིང་དུམ་ཚུ་ ཚལ་མ་ནང་ལས་ སྐྱེལ་འདྲེན་འབད་ནིའི་ལཱ་ཚུ་ འཇམ་ཏོག་ཏོ་བཟོ་ཡོད་མི་དེ་གིས་ ཙན་དན་ལྷག་ལུས་ཡོད་མི་ ནགས་ཚལ་ཚུ་ མེདཔ་གཏང་ནི་ལུ་ ལྷན་ཐབས་འབད་དོ་ཡོདཔ་ལས་ ད་ལྟོ་ལས་ བཀག་ཐབས་ཀྱི་ཐབས་ཤེས་ཚུ་མ་བཏོན་པ་ཅིན་ མ་འོངས་པ་ལུ་ ཙན་དན་ཡོད་པའི་ནགས་ཚལ་ཚུ་ ཡལ་འགྱོ་ནི་གི་ ཉེན་ཁ་འདུག་ཟེར་ཨིན་པས།
སྙན་ཞུ་ནང་ རང་བཞིན་གྱིས་སྐྱེས་པའི་ འབྲུག་གི་ནགས་ཚལ་ནང་གི་ ཙན་དན་ཤིང་ཚུ་ ཉམས་ཉེན་སྦོམ་འདུག་ཟེར་ཨིནམ་ད་ ད་ལྟོ་ ཙན་དན་ཤིང་ཚུ་ཡང་ ས་གནས་མཐའ་ཟུར་དང་ མི་གིས་ལྷོད་མ་ཚུགས་པའི་ས་ཆ་ དེ་ལས་ དགོན་སྡེ་དང་ ལྷ་ཁང་ཚུ་ནང་ བདག་འཛིན་འཐབ་བཞག་མི་ཚུ་རྐྱངམ་གཅིག་ མཐོང་དོ་ཡོདཔ་སྦེ་ བཀོད་འདུག།
རྫོང་གཞིས་དང་ དགོན་སྡེ་ཚུ་གི་ ལག་ལེན་དོན་ལུ་ བརྡབས་བཏང་མི་གིས་མ་ཚད་པར་ ནགས་ཚལ་མེ་རྐྱེན་བྱུང་མི་དེ་གིས་ཡང་ ཙན་དན་ཤིང་ཡོད་པའི་ ནགས་ཚལ་ཚུ་ ཉེན་ཁ་བྱུང་དོ་ཡོདཔ་ལས་ ལོ་ལས་བཅད་དེ་ ནགས་མེ་སྲུང་སྐྱོབ་འབད་དགོཔ་ཡང་ ཁག་ཆེཝ་སྦེ་ བཀོད་ཡོདཔ་ཨིན་པས།
དེ་མ་ཚད་ སྒོ་ནོར་སེམས་ཅན་གྱི་རིགས་ཚུ་ ཚལ་མ་ནང་ རྩྭ་ཁར་བཏང་མི་དེ་གིས་ ཙན་དན་ཤིང་གི་ལྕངམ་ཚུ་ བཟའ་དོ་ཡོདཔ་མ་ཚད་ རྐངམ་གིས་ བསྣད་བཏང་དོ་ཡོདཔ་ལས་ ཤིང་ཆུང་ཀུ་སྐྱེས་མི་ཚུ་ལུ་ ཉེན་ཁ་བྱུང་དོ་ཡོདཔ་ད་ ཤིང་བརྡབ་བཏང་པའི་སྐབས་ ལམ་བཟོ་མི་དེ་གིས་ སྒོ་ནོར་སེམས་ཅན་ཚུ་ རྩྭ་ཁར་གཏང་ནི་ལུ་ཡང་ ལྷན་ཐབས་སྦོམ་འདུག་ཟེར་ བཀོད་ཡོདཔ་ཨིན་པས།
ཙན་དན་སྐྱེས་སའི་ནགས་ཚལ་ ཉུང་སུ་འགྱོ་དགོ་པའི་ གནད་དོན་གཅིག་ ཙན་དན་ཤིང་སྦོམ་ཚུ་ ཤི་མི་དང་ ཙན་དན་ཤིང་ཚུ་ སྟོང་ཕུ་ཤིང་དང་ཕྱདཔ་ད་ སྦོམ་འགྱོ་ནི་དེ་ ཕྱིས་སུ་ཅིག་འབད་ནི་དེ་གིས་ སྟོང་ཕུ་ཤིང་ཚུ་ ཧ་སུ་སྦེ་ སྦོམ་འགྱོ་དོ་ཡོདཔ་ལས་ དེ་གི་གྱིབ་མ་གིས་ ལེགས་ཤོམ་སྦེ་ སྐྱེ་མི་ཚུགས་དོ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment