གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉིནམ་༣ གྱི་རིང་འབར་མི་ནགས་མེ་ ཁ་ཙ་ བསད་ཚུགས་ཡོདཔ།

༡༣/༣/༢༠༡༣   ༉ སྤྱི་ཟླ་༣ པའི་ཚེས་༡༠ ལས་འགོ་བཙུགས་ བཀྲིས་གཡང་རྩེ་ སྟོང་ཞང་རྒེད་འོག་ནང་ ནགས་ཚལ་མེ་རྐྱེན་ཤོར་མི་དེ་ ཁ་ཙ་ཕྱི་རུ་ ཆུ་ཚོད་༥ དེ་ཅིག་ཁར་ བསད་ཚུགས་ཡོདཔ་ཨིན་པས།
མེ་རྐྱེན་དེ་ཡང་ ཉིན་མའི་ཆུ་ཚོད་ཕྱེད་དང་༤ དེ་ཅིག་ཁར་ འབར་ཡོདཔ་ཨིན་རུང་ རྐྱེན་ངན་དེ་གི་ བྱུང་རྐྱེན་སྐོར་ལས་ ཤེས་རྟོགས་མ་བྱུངམ་ད་ ནགས་ཚལ་འགོ་དཔོན་ཚུ་གིས་གཙོས་པའི་ བདེ་སྲུངཔ་དང་ ཁྲིམས་སྲུང་འགག་པ་ དེ་ལས་ ས་གནས་ནང་སྡོད་མི་ མི་སེར་བརྒྱ་ལས་ལྷག་ཅིག་གིས་ མེ་བསད་ནིའི་ནང་ འབྲེལ་གཏོགས་འབད་ཡོདཔ་ཨིན་པས།



མེ་རྐྱེན་དེ་གིས་ ཁ་ཙ་ཚུན་ལུ་ མཐའ་སྟོང་ཡོད་པའི་ནགས་ཚལ་ཨེ་ཀར་༥༠༠ ལྷགཔ་ཅིག་ འཚིགས་ཡོདཔ་ད་ མེ་བསད་ནིའི་དོན་ལུ་ བཀྲིས་གཡང་རྩེ་ལས་ ཁྲིམས་སྲུང་འགག་པའི་ མེ་བསད་སྣུམ་འཁོར་ཚུ་ཡང་ ལག་ལེན་འཐབ་ཅི་ཟེར་ བཀྲིས་སྒང་གི་ ནགས་ཚལ་གཙོ་འཛིན་འགོ་དཔོན་ ཀུན་བཟང་རྒྱལ་མཚན་གྱིས་ སླབ་ཨིན་པས།
ནགས་མེ་དེ་ རྒྱ་སྦོམ་སྦེ་ར་ འབར་སོང་མི་ལུ་བརྟེན་ མེ་བསད་ནིའི་ནང་ ལཱ་ཁག་རྐྱབ་དོ་ཡོདཔ་མ་ཚད་ མེ་བསད་མི་ཚུ་གིས་ སྤྱི་ཟླ་༣ པའི་ཚེས་༡༡ གི་ཕྱི་རུ་ བསད་ཚུགས་པའི་ དམིགས་གཏད་སྐྱེད་ཡོདཔ་ད་ ཁོང་གིས་མནོ་དོན་ལྟར་ གྲུབ་མ་ཚུགས་ཏེ་འབད་རུང་ ས་གནས་ནང་ཡོད་པའི་ ཁྱིམ་༤ དེ་ཅིག་ མེ་རྐྱེན་ལས་ ཉེན་སྐྱོབས་འབད་ ཚུགས་ཡོདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༧ ལུ་ གཞལམ་སྒང་རྫོང་ཁག་ སྒོ་ཤིང་རྒེད་འོག་གི་ས་གནས་ ལམ་སྟང་ཟེར་ས་ལུ་ཡང་ ནགས་ཚལ་མེ་རྐྱེན་ཅིག་ ཤོར་ཡོདཔ་ཨིན་རུང་ སྤྱི་ཟླ་༣ པའི་ཚེས་༩ ལུ་ མེ་བསད་ཚུགས་ཡོདཔ་ཨིན་པས།
མེ་རྐྱེན་དེ་ཡང་ ས་གནས་ནང་ གཡུས་མི་ཅིག་གིས་ རྩེ་རི་མེ་སྤར་བའི་སྐབས་ ཤོར་སོཔ་ད་ མེ་རྐྱེན་དེ་གིས་ ནགས་ཚལ་ཨེ་ཀར་༦ ལྷགཔ་ཅིག་འཚིགས་ཡོད་པའི་ དོགས་སྣང་ཡོདཔ་ད་ མེ་རྐྱེན་བྱུང་སའི་ས་གནས་ཁར་ སྐྱེ་ཤིང་གི་རིགས་ཚུ་ སྟུག་དྲགས་སྦེ་མེད་ཟེར་ པཱན་སྦང་ནགས་ཚལ་ཡིག་ཚང་གི་འགོ་དཔོན་ ཨོ་རྒྱན་རྡོ་རྗེ་གིས་སླབ་ཅི།
ཨོ་རྒྱན་རྡོ་རྗེ་གིས་ འགྲུལ་འཕྲིན་ཐོག་ལས་སླབ་མིའི་ནང་ ལམ་སྟང་དེ་ འགྲུལ་འཁོར་ལམ་ལས་ ཉིན་གྲངས་༢ དེ་ཅིག་ རྐང་སྟོང་སྦེ་འགྱོ་དགོ་པའི་ ས་གནས་ཅིག་ནང་ཨིནམ་ལས་ ད་རེས་ གནད་དོན་དེ་གི་སྐོར་ལས་ ལམ་སྟང་ལུ་ཡོད་པའི་ ནགས་ཚལ་ཡན་ལག་ཡིག་ཚང་གི་ ལས་བྱེདཔ་ཚུ་གིས་ གནད་སྡུད་ཚུ་ བསྡུ་བསྒྲིགས་འབད་ཚར་ཡོདཔ་ཨིན་པས།
མེ་བསད་བའི་སྐབས་ ནགས་ཚལ་འགོ་དཔོན་ཚུ་གིས་གཙོས་པའི་ གཡུས་མི་༥༠ དེ་ཅིག་གིས་ འབྲེལ་གཏོགས་འབད་ཡོདཔ་སྦེ་ ཨོ་རྒྱན་རྡོ་རྗེ་གིས་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།





No comments:

Post a Comment