གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཟོ་སྐྲུན་ཡུན་འགྱངས་ལུས་ཏེ་ ལོ་༢ ལང་ཡོདཔ།

༡༨/༣/༢༠༡༣   ༉ སྤུ་ན་ཁ་རྫོང་ཁག་ རྟ་ལོག་རྒེད་འོག་ ལབ་རྩ་ཁ་ སློབ་གྲྭ་ཆུའི་བདག་སྐྱོང་ཁང་ བཟོ་སྐྲུན་འབད་ནིའི་ལཱ་དེ་ སྤྱི་ལོ་༢༠༡༡ རྫོགས་ཁམས་ཅིག་ལས་ མཇུག་བསྡུ་དགོཔ་ཨིན་རུང་ ད་ལྟོ་ ཕྱེད་ཀ་དེ་ཅིག་ལས་བརྒལ་ འབད་མ་ཚར་བའི་ཁར་ གནས་སྐབས་ཅིག་གི་དོན་ལུ་ མཚམས་འཇོག་འབད་ བཞག་ཡོདཔ་ཨིན་པས།
ལཱ་འབད་འཕྲོ་སྦེ་ཡོད་མི་ སློབ་གྲྭའི་སྒྲིང་ཁྱིམ།


ལཱ་དེ་དུས་ཚོད་ཁར་ མཇུག་བསྡུ་མ་ཚུགསཔ་ལས་ རྫོང་ཁག་བདག་སྐྱོང་གྱིས་ ལཱ་འབད་མི་ཁག་འབགཔ་དང་གཅིག་ཁར་ རྩོད་གཞི་འགོ་བཙུགས་ནིའི་དོན་ལས་ རྫོང་ཁག་ཁྲིམས་འདུན་ལུ་ ཞུ་ཡིག་བཙུགས་ཡོདཔ་ད་ ལཱ་འཕྲོ་མཐུད་དེ་ འབད་ཆོག་དང་མི་ཆོག་ ཁྲིམས་ཀྱི་བཀའ་རྒྱ་ལུ་ རག་ལས་ནི་ཨིན་པས།
མ་གཞི་ བཟོ་སྐྲུན་གྱི་ལཱ་དེ་ ལྷམོ་ལས་སྡེ་གིས་ ཐོབ་ཡོདཔ་ཨིན་རུང་ ཁག་འབགཔ་དེ་གིས་ ལཱ་དེ་ ཁོ་རའི་ལས་སྡེའི་ནང་ ལྟ་རྟོག་པའི་ ལཱ་འབད་མི་ཅིག་ལུ་ སྤྲོད་ཡོདཔ་ད་ མི་དེ་གིས་ ལཱ་རྩ་འགེངས་ཏེ་ མ་འབདཝ་ཨིན་པས།
རྫོང་རབ་ཕུན་ཚོགས་དབང་འདུས་ཀྱིས་ སླབ་མིའི་ནང་ མི་དེ་ལུ་ འཕྲལ་འཕྲལ་སྦེ་ར་ དྲན་གསོ་འབད་ཡོདཔ་མ་ཚད་ ཁོ་ལུ་ མ་དངུལ་མེད་པའི་སྐོར་ལས་ ཧ་གོ་སྟེ་ དངུལ་ཀྲམ་ས་ཡ་༡.༥ སྔོན་སྤྲོད་འབད་རུང་ ལཱ་འབད་མ་བཏུབ་ཟེར་ སླབ་ཨིན་པས།
ད་རེས་ རྩོད་གཞི་དེ་ ཁྲིམས་ཀྱི་མདུན་སར་ལྷོད་དེ་ ཟླཝ་༢ ལྷགཔ་ཅིག་ ལང་ཡོད་མི་ལུ་བརྟེན་ ལཱ་འཕྲོ་མཐུད་འབད་ནི་ལུ་ བར་ཆད་རྐྱབ་ནི་མས་ཟེར་ཨིན་པས།
ཁྲིམས་ཀྱི་མདུན་ས་ལས་ ལཱ་ཐོབ་མི་ཁག་འབགཔ་དང་ ལཱ་འབད་མི་ ལྟ་རྟོག་པ་༢ ཆ་ར་ འོང་དགོཔ་སྦེ་བཀའ་གནང་ཡོད་རུང་ ལྟ་རྟོག་པ་གིས་ ཁྲིམས་འདུན་ལུ་ བཅར་མ་བཏུབ་པའི་ དཀའ་ངལ་བྱུང་སྟེ་ཡོདཔ་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་འབད་བ་ཅིན་ ལཱ་དེ་ ལྷམོ་ཁག་འབགཔ་ལུ་ སྤྲོད་ནི་དེ་གིས་ ཁག་འབགཔ་དེ་དང་གཅིག་ཁར་ རྩོད་གཞི་ཕྱེ་ནི་མ་གཏོགས་ ལྟ་རྟོག་པ་དང་གཅིག་ཁར་ འབྲེལ་བ་འཐབ་དགོ་པའི་ འོས་འབབ་མི་མཐོང་མས་ཟེར་ཨིནམ་ད་ ཨིན་རུང་ དྲང་དཔོན་མ་ནི་རྒྱལ་མཚན་གྱིས་འབད་བ་ཅིན་ ཁག་འབགཔ་དང་ ལྟ་རྟོག་པ་༢ ཆ་ར་ ལཱ་དང་འབྲེལ་བ་ཡོདཔ་ལས་ ཁྲིམས་འདུན་ལུ་ དགོཔ་ཁག་ཆེ་ཟེར་ཨིན་པས།
སྤྱི་ལོ་༢༠༡༡ གི་ ཟླ་༢ པའི་ནང་ འགོ་བཙུགས་མི་ སྒྲིང་ཁྱིམ་བཟོ་སྐྲུན་གྱི་ལཱ་དེ་ ལོ་༡ གི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་སྦེ་ཨིན་རུང་ ད་ལྟོ་ ལཱ་བརྒྱ་ཆ་༥༠ དེ་ཅིག་ལས་བརྒལ་ འབད་མ་ཚར་བས་ཟེར་ བཟོ་རིག་འགོ་དཔོན་འོགམ་ བཀྲིས་ནོར་བུ་གིས་ སླབ་ཡོདཔ་ད་ ལཱ་དེ་ དངུལ་ཀྲམ་ས་ཡ་༣.༡ ཐོག་ལུ་ སྤྲོད་ཡི་ཟེར་ཨིན་པས།
ད་རེས་ སློབ་གྲྭའི་དོན་ལུ་ བདག་སྐྱོང་ཁང་མེདཔ་ལས་བརྟེན་ སློབ་དཔོན་ཚུ་གི་ཡིག་ཚང་གི་དོན་ལུ་ སློབ་གྲྭའི་ཁང་མིག་༡ ལག་ལེན་འཐབ་སྟེ་ཡོདཔ་མ་ཚད་ དཔེ་མཛོད་ཁང་དང་ ཚན་རིག་བརྟག་དཔྱད་ཁང་༢ གཅིག་ཁར་བརྡབ་དགོཔ་ ཐོན་ཡོདཔ་ཨིན་པས།
དབུ་འཛིན་བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ ལཱ་གི་གྲུབ་འབྲས་བཏོན་མ་ཚུགསཔ་ མི་སེར་ཚུ་གིས་ ཧ་གོཝ་ལས་ ཁོང་གིས་ མ་དངུལ་བསྡུ་ལེན་འབད་ཐོག་ལས་ ལྕགས་ཤོག་བཀབ་ནི་ཟེར་ སླབ་མི་ཐོན་ཡི་ཟེར་ཨིནམ་ད་ དེ་ཡང་ སྒྲིང་ཁྱིམ་གྱི་ལཱ་དེ་ བཀོག་བཞག་སྟེ་ ལོ་ལྷག་ནི་དེ་གིས་ ཤིང་ཆས་དང་གྱང་ཚུ་ ཉིནམ་དང་ཆརཔ་གིས་ མེདཔ་གཏང་ནིའི་ཚ་གྱང་ ཡོད་མི་ལུ་བརྟེན་ཏེ་ ཨིན་པས་ཟེར་བཤད་ཅི།
དེ་མ་ཚད་ ལཱ་དེ་ འབད་འཕྲོ་ཨིནམ་ལས་ ལྕགས་གཟེར་དང་ ཅ་ཆས་ཚུ་ཡང་ ག་ལྷོད་སར་བཞག་མི་ལུ་བརྟེན་ སློབ་ཕྲུག་ཨ་ལུ་ཚུ་གི་གཟུགས་ཁར་ཕོག་ནིའི་ ཉེན་ཁ་ཡོདཔ་ལས་ ལཱ་དེ་ག་དེ་མགྱོགས་མགྱོགས་ གྲུབ་འབྲས་བཏོན་ཚུགས་པ་ཅིན་ སློབ་གྲྭའི་ཁང་མིག་ མ་ལང་པའི་ དཀའ་ངལ་བསལ་ཚུགས་པའི་ཁར་ སློབ་ཕྲུག་ཚུ་ལུ་ཡང་ ཉེན་ཁ་མི་འོང་ནི་མས་ཟེར་ཨིན་པས།
བདག་སྐྱོང་ཁང་མིག་གསརཔ་ནང་ དབུ་འཛིན་གྱི་ཡིག་ཚང་དང་ སློབ་དཔོན་ཚུ་གི་ཡིག་ཚང་ དཔེ་མཛོད་ཁང་ མཛོད་ཁང་ ཚན་རིག་བརྟག་དཔྱད་ཁང་ དེ་ལས་ གསང་སྤྱོད་ཚུ་འོང་ནི་ཨིན་པས།
ལབ་རྩ་ཁ་སློབ་གྲྭ་ཆུང་བ་དེ་ སྤྱི་ལོ་༡༩༩༡ ལུ་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་ སློབ་གྲྭ་ནང་ སློབ་ཕྲུག་༡༣༠ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment