གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རིན་ཆེན་སྒང་ལུ་ ལོ་༡ ནང་ འབྱ་ལཱ་ཚར་༢ རྐྱབ་ཚུགས་ནི།

༡༨/༣/༢༠༡༣   ༉ ཁ་ཙ་ དབང་འདུས་ཕོ་བྲང་ རིན་ཆེན་སྒང་སྤྱི་འོག་ནང་ འཕྲུལ་ཆས་ཀྱི་ཐོག་ལས་ ལྕངམ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་མི་དེ་གིས་ ལོ་རེ་ནང་ འབྱ་ཚར་༢ རེ་ འཚོ་ཚུགས་ནི་ཨིན་པས།
དབང་འདུས་རྫོང་བདག་ ལྷུན་གྲུབ་དབང་ཕྱུག་གིས་ འཕྲུལ་ཆས་ཐོག་ལས་ ལས་འགུལ་འགོ་འབྱེད་ འབད་བའི་བསྒང་།


མ་གཞི་ ལྕང་ལཱ་རྐྱབ་ནིའི་ དུས་ཚོད་རན་ནི་ལུ་ ཟླཝ་དག་པ་ཅིག་ཡོད་རུང་ འཕྲུལ་ཆས་ཀྱི་ཐོག་ལས་ ལོ་རེ་ནང་ འབྱ་ལཱ་ཚར་༢ འབད་ནིའི་ ལས་འགུལ་འགོ་བཙུགསཔ་ཨིནམ་ད་ ལས་རིམ་དེ་གི་ དམིགས་ཡུལ་ངོ་མ་ར་ སོ་ནམ་པ་ཚུ་གི་དོན་ལུ་ འབྱ་གི་ཐོན་སྐྱེད་ཡར་སེང་འབད་དེ་ མི་སྡེའི་དཔལ་འབྱོར་ཡར་དྲག་གཏང་ཐབས་ལུ་ཨིན་པས།
དེའི་ནང་ལས་ཡང་ རིན་ཆེན་སྒང་ལུ་ ཆུ་ཞིང་མངམ་མེད་པའི་ཁར་ ལོ་བསྟར་བཞིན་དུ་ འབྱ་ལཱ་ལུ་བརྟེན་སྡོད་མི་ མང་སུ་ཐོན་པའི་ནམ་དུས་ལུ་ འཕྲུལ་ཆས་ཀྱི་ཐོག་ལས་ ལོ་༡ ནང་ ལྕང་ལཱ་ཚར་༢ རྐྱབ་ཚུགས་མི་དེ་གིས་ ཕན་ཐོགས་འབྱུང་ནི་ཨིན་པས།
ཐད་ཚོ་རྒཔོ་ ཕུར་པ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ སའི་ཁྱབ་ཚད་མེད་མི་ལུ་བརྟེན་ མང་ཤོས་ཅིག་གིས་ ཉེ་འདབས་ཀྱི་ས་གནས་ ལོད་སྦིས་སའི་ ཆུ་ཞིང་ཚུ་ བགོ་བཤའ་རྐྱབ་ནི་ཡོད་ཟེར་ཨིནམ་ད་ ད་རེས་ དེ་བཟུམ་མའི་ ལས་འགུལ་ འགོ་བཙུགས་མི་དེ་གིས་ ཞིང་བགོ་མཐུན་བཟའ་ནི་དེ་ ཉུང་སུ་འགྱོ་འོང་ཟེར་ཨིན་པས།
མི་སྡེའི་འགོ་ཁྲིདཔ་ཚུ་གིས་ སླབ་མིའི་ནང་ རིན་ཆེན་སྒང་ལུ་ གུང་པ་༨༣ ཡོད་མི་ལས་ བརྒྱ་ཆ་༩༠ དེ་ཅིག་གིས་ ཞིང་བགོ་མཐུན་ཐོག་ལས་ འབྱ་ལཱ་འབད་མི་དེ་ ལོ་བསྟར་བཞིན་དུ་ མི་རློབས་ཡར་སེང་འགྱོ་བའི་སྐབས་ ཆུ་ཞིང་གིས་ ལང་མ་ཚུགས་པའི་ དཀའ་ངལ་ལུ་བརྟེན་ཨིན་ཟེར་ཨིནམ་ད་ ད་རེས་ སྤྱི་འོག་དེ་ནང་ མི་རློབས་༩༠༠ ལྷགཔ་ཅིག་ ཡོདཔ་ཨིན་པས།
སྐྱེས་ལོ་༢༦ ལང་མི་ དབྱངས་སྐྱིད་པདྨ་གིས་ སླབ་མིའི་ནང་ དུས་ཅི་ལས་ ལོད་སྦིས་ས་ལུ་ ཐོག་རྒྱུ་བཟའ་བར་ མི་འགྱོ་ཟེར་ཨིནམ་ད་ དེ་ཡང་ ད་ལས་ཕར་ འཕྲུལ་ཆས་ཀྱི་ཐོག་ལས་ ལྕངམ་བཙུགས་ནི་ འགོ་བཙུགས་མི་ལས་འགུལ་ལུ་ལྟ་བ་ཅིན་ ཐོན་ཤུགས་ལོག་ལྟབ་ཀྱིས་ ཡར་སེང་འགྱོ་ནི་བཟུམ་ཅིག་ ཡོད་ནི་དེ་གིས་ཨིན་ཟེར་ཨིན་པས།
ཁ་ཙ་ མོ་གི་ཆུ་ཞིང་གླང་དོ་༡ གི་ནང་ འཕྲུལ་ཆས་ཀྱི་ཐོག་ལས་ ལྕངམ་ཚུ་ དུས་ཡུན་སྐར་མ་༢༠ དེ་ཅིག་ནང་ བཙུགས་ཚར་ཡོདཔ་ད་ རང་ལུགས་ཀྱི་ཐོག་ལས་འབད་བ་ཅིན་ མི་༢ ཀྱིས་ ཉིནམ་༡ ནང་རྐྱངམ་གཅིག་ ཚརཝ་ཨིན་ཟེར་ཨིན་པས།
སོ་ནམ་འགོ་དཔོན་ཚུ་གིས་འབད་བ་ཅིན་ འཕྲུས་ཆས་ཀྱི་ཐོག་ལས་ ཆུ་ཞིང་ཨེ་ཀར་༣ དང་༤ དེ་ཅིག་ ཉིནམ་༡ ནང་ར་ ལྕངམ་བཙུགས་ཚུགས་ཟེར་ཨིནམ་ད་ རང་ལུགས་ཐོག་ལས་འབད་བ་ཅིན་ ཉུང་ཤོས་མི་གྲངས་༢༠ དེ་ཅིག་ དགོ་ནི་ཨིན་པས།
མ་གཞི་ དེ་བཟུམ་གྱི་ ལམ་ལུགས་དེ་ སྤྱི་ལོ་༡༩༨༢ ལས་ འགོ་བཙུགས་ཏེ་ སྤྱི་ལོ་༢༠༠༢ ཚུན་ འགོ་འདྲེན་འཐབ་ཡོད་རུང་ དེ་གི་ཤུལ་ལས་ འཕྲོ་མཐུད་དེ་ ལག་ལེན་འཐབ་མ་ཚུགས་མི་དེ་ཡང་ སྤྱི་འོག་དེ་ནང་ ཞིང་ཆུ་མ་ལང་པའི་དཀའ་ངལ་ལུ་བརྟེན་ཏེ་ ཨིན་པས།
དེ་བསྒང་ མི་རེ་གཉིས་ཀྱིས་ ལཱ་མ་འབདཝ་ལས་ ནད་འབུབ་ཚུ་གིས་ མེདཔ་བཏང་བའི་དཀའ་ངལ་ལུ་བརྟེན་ ལཱ་འབད་མ་ཚུགས་རུང་ ད་ལས་ཕར་ དེ་བཟུམ་གྱི་ དཀའ་ངལ་མི་ཐོན་ཟེར་ རྒྱལ་ཡོངས་འབྱ་ལཱ་ལས་རིམ་གྱི་འགོ་དཔོན་ ངག་དབང་ཆོས་རྒྱལ་གྱིས་ སླབ་ཨིན་པས།
སྤྱི་འོག་དེ་གི་དོན་ལུ་ ན་ཧིང་ ཆུ་གཡུར་ཉམས་བཅོས་འབད་མི་དང་ ད་ལས་ཕར་ མི་མང་ཤོས་ཅིག་གིས་ འབྱ་ཚར་༢ བསྡུ་ནིའི་ ལས་འགུལ་འགོ་བཙུགས་མི་དེ་གིས་ ཧེ་མའི་ དཀའ་ངལ་བཟུམ་ མི་ཐོན་ནི་ཨིན་པས།
ཁ་ཙ་ མོ་བཏབ་ལས་རིམ་སྐབས་ འབྱ་ཞིང་ཨེ་ཀར་༢༠ དེ་ཅིག་ནང་ འཕྲུལ་ཆས་ཀྱི་ཐོག་ལས་ ལྕངམ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་ད་ ད་ལྟོ་ འཕྲུལ་ཆས་དེ་ བ་འཇོ་ལུ་ཡོད་པའི་ སོ་ནམ་འཕྲུལ་ཆས་ལྟེ་བ་གིས་ གྲོགས་རམ་འབད་ཡོདཔ་ཨིན་རུང་ ཤུལ་ལས་ གླ་ཁར་ལེན་དགོ་ནི་ཨིན་པས།
མོ་བཏབ་ལས་འགུལ་ འགོ་འབྱེད་འབད་བའི་སྐབས་ དབང་འདུས་རྫོང་བདག་ ལྷུན་གྲུབ་དབང་ཕྱུག་གིས་ སླབ་མིའི་ནང་ འཕྲུལ་ཆས་ཀྱི་ཐོག་ལས་ ལོ་ཅིག་ལུ་ འབྱ་ལཱ་ཚར་༢ རེ་འབད་ཚུགས་ནི་ ཨིན་མི་ལུ་བརྟེན་ གཡུས་ཁའི་མི་ཚུ་གིས་ ཆུམ་གྱི་ཚོང་འབྲེལ་འཐབ་སྟེ་ འོང་འབབ་བཟོ་ཚུགས་ནི་ཨིནམ་ལས་ དངུལ་ཕོངས་ཀྱི་དཀའ་ངལ་ མར་ཕབ་རྐྱབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཟེར་རུང་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་མི་དེ་ཨིནམ་ལས་ ག་ར་གིས་ རང་ལངམ་སྦེ་ སྡོད་ཚུགས་ནིའི་དམིགས་གཏད་ བསྐྱེད་དགོཔ་ཁག་ཆེ་ཟེར་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།




No comments:

Post a Comment