གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཉེན་འབྲེལ་གྱི་རྩོད་གཞི་ ཆེ་མཐོའི་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ།

༩/༣/༢༠༡༣   ༉ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༧ ལུ་ བཀྲིས་སྒང་ རྫོང་ཁག་ཁྲིམས་འདུན་གྱིས་ གཉེན་འབྲེལ་ལུ་བརྟེན་པའི་ རྩོད་དོན་ཅིག་ལུ་ འཁྲུན་ཆོད་བཏོན་གནང་ཡོདཔ་ཨིན་རུང་ རྩོད་ཟླ་བསམ་གཏན་དབང་ཕྱུག་གིས་ འཁྲུན་ཆོད་དེ་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ཡོདཔ་ཨིན་པས།


འཁྲུན་ཆོད་དང་འཁྲིལཝ་ད་ བསམ་གཏན་དབང་ཕྱུག་གིས་ ཨམ་ཅུངམ་འཚོལ་ཏེ་ བར་ན་བུ་གཞི་ཅིག་ཡང་ ཚུད་ཡོདཔ་ལས་ དགའ་བོ་དངུལ་ཀྲམ་༩,༠༠༠ དང་ སློག་འཇལ་དངུལ་ཀྲམ་༩,༠༠༠ དེ་ལས་ གྲོགས་ཞན་པའི་ཞན་ཐུས་ དངུལ་ཀྲམ་༩,༠༠༠ འབདཝ་ད་ བསྡོམས་ཀྱིས་དངུལ་ཀྲམ་༢༧,༠༠༠ ཁོ་རའི་གནས་ཚང་ བསོད་ནམས་ཆོས་སྒྲོན་ལུ་ སྤྲོད་དགོཔ་ཨིན་པས།
དེ་བཟུམ་སྦེ་ ཁོང་བཟའ་ཚང་གཉིས་ སྤྱི་ཏོག་ཁར་ འབྲུག་གོང་འཕེལ་དངུལ་ཁང་ལས་ བསོད་ནམས་ཆོས་སྒྲོན་གྱི་མིང་ཐོ་ལུ་ བསྐྱིན་འགྲུལ་ལེན་ཡོད་མི་དེ་ཡང་ བསམ་གཏན་དབང་ཕྱུག་ ཁོ་ར་གིས་ ལོག་བཏབ་དགོཔ་བཞིན་དུ་ བསྐྱིན་འགྲུལ་དེ་ཡང་ བསམ་གཏན་དབང་ཕྱུག་གི་ མིང་ཐོ་ལུ་ སྤོ་སོར་འབད་དགོ་པའི་ འཁྲུན་ཆོད་བཏོན་གནང་ནུག།
ཨིན་རུང་ བསམ་གཏན་དབང་ཕྱུག་གིས་ བསྐྱིན་འགྲུལ་ཁག་༢ པོ་ཆ་ར་ ཁོང་ར་༢ གཉེན་གྲོགས་སྦེ་ སྡོད་པའི་སྐབས་ སྤྱི་ཏོག་ཁར་ ལེན་ཡོདཔ་ལས་ དཔྱ་བགོ་རྐྱབ་སྟེ་ སྤྲོད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་རུང་ ཁོང་བཟའ་ཚང་༢ ཀྱི་བར་ན་ ཧེ་མ་ཚར་ཅིག་ བཟོ་ཡོད་པའི་ནང་གན་ནང་ བསྐྱིན་འགྲུལ་སྐོར་ལས་ ལོ་རྒྱུས་ག་ཅི་ཡང་ མེད་པའི་ཁར་ བསོད་ནམས་ཆོས་སྒྲོན་གྱིས་ཡང་ ངོས་ལེན་མ་འབདཝ་ལས་ བསྐྱིན་འགྲུལ་ཁག་༢ པོ་ཆ་ར་ བསམ་གཏན་དབང་ཕྱུག་གིས་ བཏབ་དགོ་པའི་ འཁྲུན་ཆོད་གནང་ནུག།
ཧེ་མ་ ཁོང་བཟའ་ཚང་༢ ཀྱི་བར་ན་ ནང་གན་ཅིག་བཟོ་བའི་སྐབས་ ཁོ་གིས་ ཁོ་རའི་གནས་ཚང་ བསོད་ནམས་ཆོས་སྒྲོན་གྱི་ མིང་ཐོ་ལུ་ཡོད་པའི་ བསྐྱིན་འགྲུལ་དང་ ཁོ་རའི་མིང་ཐོ་ལུ་ཡོད་པའི་ བསྐྱིན་འགྲུལ་གཉིས་ཆ་ར་ ཁོ་གིས་བཏབ་ནི་སྦེ་ སླབ་ཡོདཔ་ཨིན་རུང་ ཤུལ་ལས་ བསོད་ནམས་ཆོས་སྒྲོན་གྱིས་ ཨ་ཁུ་འཚོལ་བའི་ཁར་ ང་དང་ གཉེན་ཡ་བྲལ་འབད་ནིའི་སྐོར་ལས་ སླབ་མི་ལུ་བརྟེན་ བསྐྱིན་འགྲུལ་ཚུ་ དཔྱ་བགོ་རྐྱབ་ཐོག་ བཏབ་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ དེ་ལུ་ ངོས་ལེན་མ་བྱུང་ཟེར་ཨིན་པས།
བསམ་གཏན་དབང་ཕྱུག་གིས་ སླབ་མིའི་ནང་ བསོད་ནམས་ཆོས་སྒྲོན་དང་ ཁོ་གི་བར་ན་ ཨ་ལུ་མེད་ནི་དེ་གིས་ ཨམ་ཅུངམ་འཚོལ་མི་དེ་ ངེས་བདེན་ཨིན་རུང་ ཁོང་ར་༣ ཆ་ར་ གཉེན་དུ་བསྡོམས་ཏེ་ དབང་འདུས་ཕོ་བྲང་ལུ་ གཅིག་ཁར་སྡོད་པའི་བར་ན་ བསོད་ནམས་ཆོས་སྒྲོན་གྱིས་ མོ་རའི་གཡུས་ བཀྲིས་སྒང་ལུ་ ལོག་འགྱོ་ནི་སྦེ་ སླབ་ཅི་ཟེར་ཨིན་པས།
དེ་དང་འཁྲིལ་ མོས་མཐུན་ཐོག་ལས་ བསོད་ནམས་ཆོས་སྒྲོན་དེ་ མོ་རའི་གཡུས་ཁར་ ཁོ་ར་གིས་ བསྐྱལ་བྱིན་ཡོདཔ་མ་ཚད་ ཟླ་རིམ་བཞིན་དུ་ ཁྱིམ་ནང་དགོ་པའི་ ཟད་འགྲོ་ཚུ་འབག་སྟེ་ འཕྱད་པར་འགྱོ་ནི་ཡོདཔ་ཨིན་པས།
ཨིན་རུང་ ཐེངས་༤ པ་ འཕྱད་པར་འགྱོ་བའི་སྐབས་ ཁོ་གི་གནས་ཚང་དེ་གིས་ ཁྱིམ་ལྡེ་མིག་རྐྱབ་བཞག་སྟེ་ སོང་ཡོདཔ་མ་ཚད་ ཁོ་གིས་ འགྲུལ་འཕྲིན་བཏང་རུང་ འཐུ་མ་བཏུབ་ལས་ ཁོ་ར་ གཡུས་ཁར་ཉིནམ་༣ དེ་ཅིག་ སྡོད་པའི་ཤུལ་ལུ་ ལོག་དབང་འདུས་ལུ་ འོང་ཡི་ཟེར་ཨིན་པས།
དེ་བསྒང་ ཁོ་གིས་ བསོད་ནམས་ཆོས་སྒྲོན་ལུ་ ཨ་ཁུ་ཡོད་པའི་ དོགས་པ་བསགས་ཡོདཔ་ད་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་གཞི་དེ་ ཕྱེ་བའི་བསྒང་སྦེ་ སྡོད་པའི་སྐབས་ ཁོ་གིས་ ནུབ་མོ་ཆུ་ཚོད་༡༡ དེ་ཅིག་ཁར་ བསོད་ནམས་ཆོས་སྒྲོན་དང་ མོ་གི་ཨ་ཁུ་༢ ཨ་ཁུ་དེ་གིས་བཏང་མི་ སྣུམ་འཁོར་ཊཱག་ནང་ སྡོད་ཡོདཔ་མཐོང་ཡི་ཟེར་ཨིན་པས།
དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་དང་འཁྲིལ་ ཁྲིམས་སྲུང་འགག་པ་༢ ཀྱིས་ དབྱེ་ཞིབ་འབད་ཡོདཔ་ཨིན་རུང་ ཤུལ་ལས་ ཁྲིམས་འདུན་ལུ་ འཛོམས་དཔང་བཙུགས་རན་པའི་སྐབས་ ཁྲིམས་སྲུང་འགག་པ་༢ ཁྲིམས་སྲུང་འགོ་འཛིན་གྱིས་ ཁ་གསལ་རྐྱབ་པར་ བཏང་མ་བཏུབ་ལས་ སྒྲུབ་བྱེད་བཀོད་མ་ཚུགས་ཟེར་ཨིན་པས།
ང་གིས་ ཁྲིམས་སྲུང་འགག་པ་༢ ཁྲིམས་འདུན་ལུ་ འཛོམས་དཔང་སྦེ་ འབོ་ནིའི་དོན་ལུ་ རྒྱབ་སྐྱོར་ཞུ་བའི་སྐབས་ དྲང་དཔོན་གྱིས་ ཁྲིམས་སྲུང་འགོ་འཛིན་གྱིས་ བཏང་མ་བཏུབ་པ་ཅིན་ ཁོ་གིས་ འབད་ཐབས་ག་ཅི་ཡང་མེད་ཟེར་སླབ་སྟེ་ ང་གིས་ཞུ་མི་དེ་ལུ་ ངོས་ལེན་འབད་མ་བཏུབ་ཟེར་ བསམ་གཏན་དབང་ཕྱུག་གིས་ སླབ་ཨིན་པས།
གནད་དོན་དེ་ ན་ཧིང་སྤྱི་ཟླ་༣ པའི་ཚེས་༢༤ ལུ་ རྩོད་རྩ་བསོད་ནམས་ཆོས་སྒྲོན་གྱིས་ ཁྲིམས་འདུན་ལུ་ ཞུ་གཏུགས་འབད་ཡོདཔ་ད་ ཁྲིམས་འདུན་ལུ་ཕུལ་བའི་ བཤེར་ཡིག་དང་འཁྲིལཝ་ད་ ཁོང་བཟའ་ཚང་༢ གཉེན་བསྡོམས་ཏེ་ ལོ་༣ དེ་ཅིག་ ལང་ཡོད་རུང་ བསམ་གཏན་དབང་ཕྱུག་གིས་ ཨམ་ཅུངམ་འཚོལ་མི་ལུ་བརྟེན་ གཉེན་ཡ་བྲལ་གཏང་དགོཔ་སྦེ་ བཀོད་ཡོདཔ་ད་ རྩོད་གཞི་དེ་ ད་རེས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ ཕྱེ་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment