གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྕགས་སི་མཁར་ལས་ འདེམས་ངོ་བཏོན་མ་ཚུགས་མི་ལུ་སེམས་ཕམ།

༡༨/༣/༢༠༡༣   ༉ ད་རེས་ནངས་པར་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་བཏོན་ནིའི་དོན་ལུ་ རྒེད་འོག་ཚུ་ནང་ འཛོམས་འདུ་ཚུ་ འགོ་འདྲེན་འཐབ་བཞིན་དུ་ཡོད་རུང་ མོང་སྒར་རྫོང་ཁག་ ལྕགས་སི་མཁར་རྒེད་འོག་ནང་ འདེམས་ངོ་མེད་མི་ལུ་བརྟེན་ མི་སེར་ཚུ་ སེམས་ཕམ་བྱུང་ནུག།
སྐྱེས་ལོ་༧༠ ལང་མི་ མེ་མེ་ལེགས་རྒྱས་ཀྱིས་ ལྕགས་སི་མཁར་རྒེད་འོག་ལས་ འདེམས་ངོ་མེད་པའི་ ལག་ཐི་རྐྱབ་སྟེ་ བཙག་འཐུ་འགོ་དཔོན་ཚུ་ལུ་ སྤྲོད་པའི་བསྒང་།


དེ་ཡང་ སྤྱི་ཟླ་༢ པའི་ཚེས་༡༤ ལུ་ རྒེད་འོག་གི་ འཛོམས་འདུ་རྐྱབ་ད་ མི་སེར་ཚུ་གི་ཧོངས་ལས་ འདེམས་ངོ་ག་ཡང་བཏོན་ནི་མེད་ག་ཟེར་ དྲི་བའི་སྐབས་ལུ་ མི་སེར་ཚུ་གིས་མེད་ཟེར་ སླབ་མི་དང་བསྟུན་ བཙག་འཐུའི་འགོ་དཔོན་ཚུ་གིས་ སྤྱི་ཟླ་༣ པའི་ཚེས་༡༦ ལུ་ མི་སེར་ཚུ་ལས་ ལག་རྗེས་ ལེན་འབག་ཡོདཔ་ཨིན།
འཛོམས་འདུ་ངོ་མ་དེ་ སྤྱི་ཚེས་༡༤ ལུ་ རྐྱབ་ཡོད་རུང་ འདེམས་ངོ་ཨམ་སྲུ་ཅིག་ འཐོན་ནི་གི་ ལོ་རྒྱུས་ཡོད་མི་དང་བསྟུན་ མི་སེར་ཚུ་གིས་ ལག་རྗེས་བྱིན་ནིའི་ཚབ་ལུ་ འཛོམས་འདུ་ཕར་ཕུད་རྐྱབ་དགོ་པའི་ ཞུ་བ་འབད་མི་ལུ་ འབྲེལ་ཡོད་དབང་འཛིན་གྱིས་ ངོས་ལེན་འབད་མ་བཏུབ་ཨིན་པས།
འཛོམས་འདུ་ནང་ བཅའ་མར་གཏོགས་མི་ སྐྱེས་ལོ་༧༠ ལང་མི་མེ་མེ ལེགས་རྒྱས་ཀྱིས་ སླབ་མིའི་ནང་ མི་སེར་ཚུ་གིས་ ཁོང་རའི་གཡུས་སྒོ་ལས་ ལྕོགས་གྲུབ་ཅན་གྱི་ མི་ངོ་ལེ་ཤ་ཡོད་རུང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ འདེམས་ངོ་ཅིག་ བཏོན་མ་ཚུགས་མི་ལུ་ སེམས་ཕམ་བྱུང་མི་དེ་ཡང་ བཙག་འཐུ་ལས་ གདམ་འཐུ་མ་གྲུབ་རུང་ རྒེད་འོག་ནང་ལས་ དོ་འགྲན་འབད་མི་ཅིག་ འཐོན་པ་ཅིན་ མི་སེར་གྱི་ རེ་བ་རྫོགས་ནི་དང་ རྒེད་འོག་གི་ མིང་གཏམ་ཡང་ འཐོན་སྡོད་འོང་ཟེར་ཨིན་པས།
ད་རུང་ སྐྱེས་ལོ་༥༠ ལང་མི་ ཕྱག་རྡོར་གྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ལྕགས་སི་མཁར་རྒེད་འོག་དེ་ སྦོམ་ཤོས་དང་ མི་རློབས་ཡང་མང་སུ་ དེ་ལས་ གོ་ཤེས་ཉན་ཤེས་ ལྕོགས་གྲུབ་ཅན་གྱི་མི་ ཞི་གཡོག་དང་ ལས་འཛིན་ སྒེར་སྡེ་ཚུ་ནང་ ལཱ་འབད་མི་ཡོད་རུང་ འདེམས་ངོ་སྦེ་ འཐོན་ནི་མེད་པའི་བསྒང་ལས་ སེམས་ཕམ་བྱུངམ་མས་ཟེར་ཨིན་པས།
མ་གཞི་ ཨམ་སྲུ་ཅིག་གིས་ འདེམས་ངོ་སྦེ་ འཐོན་ནི་གི་ ལོ་རྒྱུས་གོ་ཡོད་རུང་ བཙག་འཐུ་ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབད་མི་དང་འཁྲིལ་ འཛོམས་འདུ་ནང་ བཅའ་མར་གཏོགས་མ་ཚུགས་ནི་དེ་གིས་ རྒྱབ་བཤུད་རྐྱབ་ཡོདཔ་ཨིན་པས།
ལྕགས་སི་མཁར་ལས་ འདེམས་ངོ་སྦེ་ འཐོན་ནི་གི་ དཔའ་བཅའ་མི་  སྐྱེས་ལོ་༢༧ ལང་མི་ བསོད་ནམས་བཟང་མོ་གིས་ སླབ་མིའི་ནང་ མོ་ར་ བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་ སེམས་ཐག་བཅད་ཡོད་རུང་ འདེམས་ངོའི་ཐོ་བཀོད་འབད་ནི་གི་ དུས་ཚོད་མཇུག་ སྤྱི་ཟླ་༣ པའི་ཚེས་༣༡ ལུ་ཨིན་ཟེར་ མནོ་བསམ་བཏང་སྡོད་ཅི་ཟེར་ཨིན་པས།
གཞུང་མིན་ལས་སྡེ་ཅིག་ནང་ ལས་འགུལ་འགོ་དཔོན་སྦེ་ ལཱ་འབད་མི་ བསོད་ནམས་བཟང་མོ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ཚོད་ མོ་གི་ མཁོ་ཆེ་བའི་ཡིག་ཆ་ཚུ་ ཚང་མ་ཚུགས་པར་ཡོདཔ་ལས་ དུས་ཅི་ བཅའ་མར་གཏོགས་མ་ཚུགས་རུང་ སྤྱི་ལོ་༢༠༡༨ ཀྱི་དོན་ལུ་ གྲ་སྒྲིག་འབད་སྡོད་ནི་ཟེར་ཨིན་པས།
རྫོང་ཁག་བཙག་འཐུ་འགོ་དཔོན་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ བཙག་འཐུ་ལྷན་ཚོགས་ཀྱི་ཧོངས་ལས་ འབད་ཐབས་ག་ནི་ཡང་མེད་མི་དེ་ཡང་ འཛོམས་འདུའི་སྐབས་ལུ་ གདམ་ངོ་བཏོན་ཚུགས་དགོཔ་མ་ཚད་ ཁག་ཆེ་བའི་ ཡིག་ཆ་ཚུ་ཡང་ ཚང་དགོཔ་ལས་ འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་གི་ རེ་བ་ཡོད་པ་ཅིན་ རྒེད་འོག་དང་ རྫོང་ཁག་བཙག་འཐུ་ཡིག་ཚང་ནང་ སྙན་ཞུ་འབད་ནི་དེ་ ཁག་ཆེ་ཟེར་ཨིན་པས།
རྒེད་འོག་གི་ འགོ་ཁྲིདཔ་ཚུ་གི་ ཁ་ཐུག་ལས་འབད་རུང་ ལྕགས་སི་མཁར་རྒེད་འོག་ལས་ འདེམས་ངོ་འཐོན་ཡོད་པའི་ ལོ་རྒྱུས་མེདཔ་མ་ཚད་ མི་སེར་ཚུ་གིས་ཡང་ འདེམས་ངོ་ཡོད་མེད་ར་ མ་ཤེས་པས་ཟེར་ བཙག་འཐུ་འགོ་དཔོན་གྱིས་ སླབ་ཨིན་པས།
ལྕགས་སི་མཁར་རྒེད་འོག་ནང་ ཁྱིམ་གུང་༤༥༠ ཡོད་མི་ལས་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་༢,༠༠༠ ལྷགཔ་ཅིག་ཡོདཔ་ད་ རྒེད་འོག་དེ་ནང་ སྤྱི་འོག་༥ ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment