གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གུ་རུ་སྣང་སྲིད་ཟིལ་གནོན་གྱི་ སེང་ཁྲིའི་འོག་ལུ་ ནང་གཟུངས་རྩ་ཅན་ཚུ་ཕུལ་ཡོདཔ།

༤/༣/༢༠༡༣   ༉ ཀུར་སྟོད་སྟག་མོ་ཆུ་གཡུས་ཚན་གྱི་ལྟག་ལུ་ རིང་ཚད་ཕིཊ་༡༥༡ འབད་མི་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་ བཞེངས་པའི་བསྒང་ཡོད་མི་དེ་ ད་རེས་ནངས་པ་ ཧ་ལམ་བཞེངས་ཚར་ནི་གུ་ ལྷོད་ཡོདཔ་ད་ སེང་ཁྲིའི་ནང་ བསྐལ་པའི་མར་མེ་དང་བཅས་པའི ནང་གཟུངས་རྩ་ཅན་ཚུ་ འདས་པའི་བདུན་ཕྲག་ནང་ མཁན་པོ་དཀར་པོ་དང་ ལྷུན་རྩེ་རབ་སྡེའི་ བླམ་གནས་བརྟན་བགྲེསཔ་ ཡོན་ཏན་ཀུན་འབྱུང་གིས་ ཕུལ་ཡོདཔ་ཨིན་པས།
ས་ཆ་ཨེ་ཀར་༢༧ དེ་ཅིག་གི་ས་ཁོངས་ནང་ བཞེངས་པའི་བསྒང་ཡོད་མི་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ།


མཁན་པོ་དཀར་པོ་གིས་ བཤད་མིའི་ནང་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་ཅིག་ ལྷུན་རྩེ་ལུ་ ངེས་པར་དུ་བཞེངས་དགོཔ་སྦེ་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ ལུང་བསྟན་ལེ་ཤ་ཅིག་ར་ གནང་མི་ལུ་བརྟེན་ ལུང་བསྟན་དང་འཁྲིལ་ ས་གནས་སྟག་སྐྱིད་ལ་དེ་ ལྷུན་རྩེ་རྫོང་ཁག་གི་ ལྟེ་བ་ལུ་ ཕོག་ནི་དེ་གིས་ ས་གནས་དེ་ཁར་བཞེངས་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
སེང་ཁྲིའི་འོག་ལུ་ དེ་བཟུམ་གྱི་ ནང་རྟེན་ཚུ་གི་གྲངས་སུ་ འཇིག་རྟེན་སོ་ནམ་པའི་ ལག་ཆས་ཚུ་ ཕུལ་དོ་ཡོདཔ་མ་ཚད་ བར་ནང་ལུ་ ས་བཅུད་བུམ་གཏེར་དང་ ཀླུ་བུམ་ རིལ་བུ་ ཤིང་སྣ་ ས་ཆུ་ལ་སོགས་པའི་རིགས་སྣ་ སྨན་སྣ་ དེའི་གུ་ལུ་ བསྐལ་པའི་མར་མེ་དང་ རིན་ཆེན་རྫས་བརྒྱད་ བཀྲིས་རྟགས་བརྒྱད་ རྒྱལ་སྲས་སྣ་བདུན་ གཡང་བུམ་ལ་སོགས་པའི་ རིན་པོ་ཆེ་གི་བྱེ་བྲག་ཚུ་ ཕུལ་གནང་དོ་ཡོདཔ་ཨིན་པས།
དེ་བཟུམ་མའི་ ནང་གཟུངས་བྱིན་ཅན་ཚུ་ ཕུལ་དགོ་མི་དེ་ཡང་ འཇིག་རྟེན་གྱི་ཁམས་འདི་ནང་ ནད་མུ་འཁྲུག་རྩོད་ལ་སོགས་པ་ཚུ་ ག་ནི་ཡང་ འབྱུང་བ་བཅུག་པར་ བཀྲིས་ཕུན་སུམ་ཚོགས་ཐབས་ལུ་ཨིན་པས།
ནང་གཟུངས་ཚུ་ཕུལ་བའི་སྐབས་ལུ་ ཐུགས་སྨོན་གནང་པར་ ལྷུན་རྩེ་རྫོང་བདག་དང་ མོང་སྒར་རྫོང་བདག་གིས་གཙོས་པའི་ ལས་ཁུངས་ཁག་གི་འགོ་དཔོན་ཚུ་དང་ དད་མོས་ཅན་གྱི་ མི་སེར་བརྒྱ་ལས་བཅད་དེ་ འཛོམས་ཡོདཔ་ཨིན་པས།
སེང་ཁྲའི་འོག་ལུ་ ཆོས་ལོངས་སྤྲུལ་༣ གྱི་ ལྷ་ཁང་ཐོག་ཚད་༣ ཡོདཔ་ད་ དེ་ཡང་ སྟེང་ཐོག་ལུ་ རྒྱལ་བ་རིགས་ལྔའི་ ལྷ་ཚོགས་བཞུགས་སུ་གསོལ་ནི་དང་ བར་ཐོག་ལུ་ ཞི་ཁྲོ་དམ་པ་རིགས་བརྒྱ་ འོག་ཐོག་ལུ་ གུ་རུ་དང་མཁན་སློབ་ཆོས་གསུམ་གྱིས་གཙོས་པའི་ རྗེ་འབངས་ཉེར་ལྔ་ དེ་ལས་ ལྡེབས་རིས་ཚུ་བཞེངས་ནི་ཨིན་པས།
དེ་ཡང་ གཙོ་བོ་ར་ སྤྱིར་འཛམ་གླིང་གི་ ཞི་བདེ་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ནང་ དམག་འཁྲུག་ལ་སོགས་པ་ཚུ་བཟློག་སྟེ་ བདེ་སྐྱིད་ཀྱི་ངང་ལུ་ གནས་ཐབས་ལུ་ཨིན་ཟེར་ཨིན་པས།
དེ་མ་ཚད་ འོག་ཐོག་ལུ་ རྒྱལ་རབས་དང་ལྡན་པའི་ འགྲེམས་སྟོན་ཁང་ཅིག་ཡང་ བཟོ་ནི་ཨིནམ་ད་ མཁན་པོ་དཀར་པོ་གིས་ སླབ་མིའི་ནང་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ སྐུ་འདྲ་དེ་ཡང་ དུས་ཅི་ བསྒྲུབ་ཚུགསཔ་འབད་དེ་ རྒྱལ་བ་ལྷ་ལས་འབབ་པའི་ དུས་ཆེན་ཁྱད་པར་ཅན་དང་འབྲེལ་ བཀྲིས་རབ་གནས་མཛད་ཚུགས་པའི་ རེ་སྨོན་ཡོད་ཟེར་ཨིན་པས།
ས་ཆ་ཨེ་ཀར་༢༧ དེ་ཅིག་གི་ས་ཁོངས་ནང་ བཞེངས་པའི་བསྒང་ཡོད་མི་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ སྐུ་འདྲ་དེ་ སྤྱི་ལོ་༢༠༠༥ ལུ་ ས་སླངས་རྟེན་འབྲེལ་བརྩི་ཡོདཔ་ད་ སྐུ་འདྲ་བཞེངས་ནིའི་ལཱ་ངོ་མ་དེ་ སྤྱི་ལོ་༢༠༠༨ ལས་མ་གཏོགས་ འགོ་བཙུགས་མ་ཚུགསཔ་ཨིན་པས།
སྟག་མོ་ཆུ་ གཡུས་ཚན་གྱི་ལྟག་ལུ་ གཟི་བརྗིད་དང་ལྡནམ་སྦེ་ སྔར་མེད་པའི་ གུ་རུའི་སྐུ་འདྲ་སྦོམ་ཤོས་ཅིག་ བཞེངས་མི་དེ་ལུ་ མི་དང་སེམས་ཅན་ཚུ་གིས་ མཇལ་བ་ཙམ་ཅིག་གིས་ ངན་སོང་གསུམ་གྱི་ སྡུག་བསྔལ་ལས་འགྲོལ་ཚུགས་ནི་ཨིནམ་མ་ཚད་ སྟག་མོ་ཚུ་གཡུས་ཚན་དེ་ མ་འོངས་པ་ལུ་ ས་གནས་བྱིན་ཅན་ཅིག་ལུ་ འགྱུར་ཚུགས་ནི་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment