གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་རྒོད་དང་འདྲ་བའི་སེམས་ཅན་དེ་ འཚོལ་ཞིབ་འབད་བའི་བསྒང་།

༤/༣/༢༠༡༣   ༉ པདྨ་དགའ་ཚལ་ལུ་ མི་རྒོད་དང་འདྲ་བའི་ རི་དྭགས་སེམས་ཅན་ཅིག་ མཐོང་གསལ་བྱུང་ཡོདཔ་ལས་ རི་དྭགས་སྲུང་སྐྱོབ་འབད་མི་ཚུ་གིས་ པདྨ་དགའ་ཚལ་གྱི་ བྱང་ཕྱོགས་ཁ་ཐུག་ སའི་རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞི་༢༠༠ དེ་ཅིག་གི་ས་ཁོངས་ནང་ གསང་བའི་པར་བཏབ་འཕྲུལ་ཆས་ བཙུགས་ཐོག་ལས་ འཚོལ་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།


སེམས་ཅན་དེ་ཡང་ ན་ཧིང་གི་ལོ་ནང་ ཕེ་རོ་སི་ལི་ཀཱོན་ བཟོ་གྲྭ་འཕྲུལ་ཁང་གི་ལས་བྱེདཔ་ བསོད་ནམས་རྡོ་རྗེ་དེ་ བཟོ་སྦལ་རྒེད་འོག་ ཚེ་གླིང་སྒོར་དང་ ཡོང་ལ་དགོན་པའི་བར་ན་ འགྲུལ་བསྐྱོད་འབད་བའི་སྐབས་ འཁོར་ལམ་ཁར་ དངོས་སུ་སྦེ་ མཐོང་ཡོདཔ་ལས་ ཁོ་གིས་ ནགས་ཚལ་འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
བསོད་ནམས་ཀྱིས་སླབ་མིའི་ནང་ བཟོ་རྣམ་མི་རྒོད་བཟུམ་དང་ གཟུགས་ཀྱི་རིང་ཚད་ ཕིཊི་༥ དེ་ཅིག་འབད་བའི་ སེམས་ཅན་དེ་ འཁོར་ལམ་གྱི་སྦུག་ལུ་ ལོང་སྡོད་ཡོདཔ་མཐོང་བའི་སྐབས་ ཁོ་ར་ དུས་ཡུན་དུམ་གྲ་ཅིག་ དེ་སྦེ་ར་ལུས་སོཔ་ཨིན་རུང་ སེམས་ཅན་དེ་གིས་ ཁོ་མཐོངམ་ཅིག་ ཚལ་མ་ནང་ འཛུལ་ཡར་སོ་ཡི་ཟེར་ཨིན་པས།
བཟོ་སྦལ་རྒེད་འོག་ནང་ ཁྱིམ་གུང་༤༠༠ དེ་ཅིག་ཡོདཔ་ད་ ནགས་ཚལ་འགོ་དཔོན་ཚུ་གིས་ སེམས་ཅན་དེ་གི་སྐོར་ལས་ དྲི་དཔྱད་འབད་བའི་སྐབས་ གཡུས་མི་ལ་ལུ་ཅིག་གིས་ཡང་ དེ་བཟུམ་མའི་སེམས་ཅན་ཚུ་ ཁོང་གིས་ མཐོང་ཡོདཔ་སྦེ་ སླབ་ཨིན་པས།
རྒྱལ་ཡོངས་རང་བཞིན་གནས་སྟངས་ཚོགས་སྡེའི་ དམིགས་བསལ་གྲོས་སྟོན་པ་ དྲགོས་དཔལ་འབྱོར་རྡོ་རྗེ་ལུ་ མི་སྡེའི་བརྡ་དོན་ཡོངས་འབྲེལ་ ཕཱེསི་བུག་བརྒྱུད་དེ་ སྙན་ཞུ་ལྷོད་ཡོདཔ་བཞིན་དུ་ ཁོ་གིས་ རི་དྭགས་མཁས་མཆོག་སྡེ་ཚན་ཅིག་ཁྱིད་དེ་ ས་གནས་ནང་ སོང་ཡོདཔ་ཨིན་པས།
དྲགོས་དཔལ་འབྱོར་རྡོ་རྗེ་གིས་སླབ་མིའི་ནང་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༢༥ ལས་ སྤྱི་ཟླ་༢ པའི་ཚེས་༢༥ ཚུན་ བཙུགས་བཞག་མི་ པར་བཏབ་འཕྲུལ་ཆས་ཚུ་ནང་ ཞིབ་དཔྱད་འབད་བའི་སྐབས་ ད་ལྟོ་ཚུན་ལུ་ སྒྲུབ་བྱེད་ག་ཅི་ཡང་ བྱུང་མ་ཚུགས་ཟེར་ཨིན་པས།
པར་བཏབ་འཕྲུལ་ཆས་ཚུ་ནང་ རི་དྭགས་སེམས་ཅན་གྱི་རིགས་ གཞན་ལེ་ཤ་ཅིག་ར་ ཚུད་ཡོདཔ་མ་ཚད་ སེམས་ཅན་གྱི་རིགས་གསརཔ་ཚུ་ཡང་ པར་བཏབ་སྟེ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་གནས་ནང་ འཕྲལ་མགྱོགས་ར་ སྐྱེ་ལྡན་རིགས་སྣ་ཞིབ་འཚོལ་གྱི་ འགྲུལ་བསྐྱོད་ཅིག་ཡང་ འགོ་འདྲེན་འཐབ་ནི་ཨིནམ་མ་ཚད་ ད་ལྟོ་ཡོད་པའི་ པར་བཏབ་འཕྲུལ་ཆས་ཚུ་ ས་ཐག་རིང་སར་ སྤོ་བཤུད་འབད་ནི་ ཨིན་ཟེར་ཨིན་པས།
ས་གནས་ནང་ པར་བཏབ་འཕྲུལ་ཆས་བཙུགས་མི་ ཨོ་རྒྱན་དབང་ཕྱུག་ཉམས་སྲུང་དང་ རང་བཞིན་གནས་སྟངས་སློབ་སྦྱོང་སྤེལ་ཁང་གི་ ཞིལ་འཚོལ་པ་ ཤེས་རབ་ཀྱིས་འབད་བ་ཅིན་ པར་བཏབ་འཕྲུལ་ཆས་རེ་ལུ་ རིན་གོང་ ཡུ་ཨེསི་ཌོ་ལར་༥༠༠ རེ་གནས་དོ་ཡོདཔ་ད་ དེ་ཡང་ སྦྱོང་བརྡར་སྤེལ་ཁང་དང་ རི་དྭགས་སྲུང་སྐྱོབ་སྡེ་ཚན་གཉིས་ཀྱིས་ མཉམ་འབྲེལ་རྒྱབ་སྐྱོར་ཐོག་ལས་ བྱིན་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment