གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལབ་རྩ་ཁའི་ མི་སེར་ཚུ་ འདམ་རྫབ་ཅན་གྱི་ རྫིང་ཆུ་ལག་ལེན་འཐབ་དོ་ཡོདཔ།

༤/༣/༢༠༡༣   ཁོང་གི་ སྤྱི་ཚོགས་ཀྱི་ འཐུས་མི་༢ ཀྱིས་ འཐུང་ཆུའི་དཀའ་ངལ་བསལ་ནི་གི་ ཁས་བླངས་འབད་མི་ཚུ་ ལོ་རྒྱུས་ཙམ་སྦེ་གནས་ཡོདཔ།
༉ སྤུ་ན་ཁ་རྟ་ལོག་རྒེད་འོག་ ལབ་རྩ་ཁ་སྤྱི་འོག་ནང་ འཐུང་ཆུ་མེད་པའི་ དཀའ་ངལ་ལུ་བརྟེན་ གཡུས་ཚན་དེགི་ ཁྱིམ་གུང་༨༠ ལྷགཔ་ཅིག་གི་ མི་སེར་ཚུ་ འདམ་རྫབ་དང་ རྫིང་ཆུ་ཚུ་ནང་ལས་ ཆུ་དབོག་འཐུང་དགོཔ་ཐོན་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༥༦ ལང་མི་ ཆོས་སྒྲོན་གྱིས་ འདམ་འཕེལ་མཇུག་རོང་ཆུའི་རྐ་ལས་ ཆུ་དབོག་པའི་བསྒང་།


དེ་ཡང་ སྤྱི་འོག་དེ་ནང་གི་ རོང་ཆུ་དང་ རྫིང་ཆུ་ཚུ་ རང་བཞིན་གྱིས་ སྐམ་འགྱོ་མི་ལུ་བརྟེན་ སྤྱི་ལོ་༢༠༠༨ ལས་ཚུར་ འཐུང་ཆུ་ལངམ་མེད་པའི་ དཀའ་ངལ་བྱུང་ཡོདཔ་ཨིན་པས།
འདམ་རྫབ་ཀྱི་ ཆུ་དབོག་འཐུང་མི་ཚུ་གི་གྲས་ལས་༡ སྐྱེས་ལོ་༥༦ ལང་མི་ ཆོས་སྒྲོན་གྱིས་ མོ་རའི་ཁྱིམ་གྱི་ལྟག་ལུ་ཡོད་པའི་ འདམ་འཕེལ་མཇུག་ རོང་ཆུའི་རྐ་ལས་ འཕྲལ་འཕྲལ་ར་ ཆུ་དབོག་དགོཔ་ཐོན་དོ་ཡོདཔ་ད་ མ་གཞི་ མོའི་ཁྱིམ་གྱི་གདོང་ཁར་ ཆུ་དུང་ནང་ལས་ འཐུང་ཆུ་བཏོན་ཡོད་རུང་ ཆུ་ཆུང་ཀུ་ཅིག་ལས་བརྒལ་ འོང་ནི་མེདཔ་ལས་ རྫིང་ཆུ་དབོག་མ་འཐུང་པར་ བྱ་ཐབས་མིན་འདུག་ཟེར་ མོ་གིས་ སླབ་ཨིན་པས།
ཆོས་སྒྲོན་གྱིས་ སླབ་མི་དང་འཁྲིལཝ་ད་ ལོ་༤ དེ་ཅིག་གི་ཧེ་མར་ འདམ་འཕེལ་མཇུག་གི་ རོང་ཆུ་དེ་ སྒང་ཁྲ་མོ་གཡུས་ཚན་གྱི་སྦུག་ལས་ བབས་ཨིན་རུང་ ད་རེས་འབདཝ་ད་ སྐམ་འགྱོ་ནི་དེ་གིས་ ཆུ་དུང་ཆུང་ཀུ་ཅིག་ཡང་ གང་མི་ཚུགས་དོ་ཡོདཔ་ལས་ ས་གནས་ཀྱི་ ཁྱིམ་གུང་༡༣ དེ་ཅིག་ ཆུ་རྫིང་ནང་ལས་དབོགས་ཏེ་ འཐུང་དོ་ཟེར་ཨིན་པས།
ལབ་རྩ་ཁ་སྤྱི་འོག་གི་ཚོགས་པ་ བསོད་ནམས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ གཞུང་གིས་ སྤྱི་ལོ་༢༠༠༤ ལུ་ ཆུ་མཛོད་རྐྱབ་སྟེ་ འཐུང་ཆུ་བཀྲམ་སྤེལ་འབད་ཡོདཔ་མ་ཚད་ གཡུས་ཚན་དེ་ནང་ ལྕང་ལཱ་ཡང་ རྐྱབ་ནི་ཡོད་རུང་ ཆུ་མ་ལང་པའི་ དཀའ་ངལ་ལུ་བརྟེན་ འབྱ་ཞིང་ཨེ་ཀར་ལས་བཅད་དེ་ ཞིང་སྟོང་ལུས་པའི་ཁར་ སོ་ནམ་གྱི་ ལཱ་འབད་མི་ཚུ་གིས་ཡང་ ཆུ་མངམ་མ་དགོ་པའི་ལོ་ཐོག་ གེ་ཟ་ཚུ་ལུ་ ཤུགས་བཏོན་དོ་ཟེར་ཨིན་པས།
ཆུའི་རྐ་སྐམ་འགྱོ་བའི་སྐོར་ལས་ ག་གིས་ཡང་ ཞིབ་འཚོལ་འབད་འབདཝ་མེད་རུང་ མང་ཤོས་ཅིག་གིས་ འཛམ་གླིང་ནང་ ཚ་དྲོད་ཡར་ཕར་འགྱོ་མི་ལུ་བརྟེན་ འོང་ནི་མས་ཟེར་ སླབ་ཨིན་རུང་  གཡུས་ཁའི་མི་ཚུ་གིས་འབད་བ་ཅིན་ ཆུའི་རྐ་ཡོད་སར་ ནགས་ཤིང་ཚུ་ བརྡབས་ཡོད་མི་ལུ་ ཁ་བཏང་དོ་ཡོདཔ་ད་ ཆོས་སྒྲོན་གྱིས་ སླབ་མིའི་ནང་ ལོ་༡༠ དེ་ཅིག་གི་ཧེ་མར་ འདམ་འཕེལ་མཇུག་གི་ ཆུ་རྐ་ཡོད་སར་ ནགས་ཚལ་སྟུག་དྲགས་སྦེ་ཡོདཔ་ལས་ ནང་ན་འཛུལ་མ་ཚུགས་རུང་ ད་རེས་འབདཝ་ད་ ནགས་ཚལ་བཟུམ་ར་ མི་མཐོངམ་མས་ཟེར་ཨིན་པའི་ཁར་ འཕྲལ་ཁམས་ཅིག་ཁར་ ཆུ་རྐ་ཉེ་འདབས་ལུ་ ནགས་ཤིང་སྦོམ་༢ བརྡབས་བཏང་ནུག་ཟེར་ཨིན་པས།
སྤྱི་འོག་དེ་ནང་ ཆུ་རྐ་གཞན་མེདཔ་ལས་ ཉེ་འདབས་ཀྱི་རྒེད་འོག་ སྟོད་པའི་ས་ ལྟག་མགོ་ལུངམ་ལས་ ཆུ་བཏོན་ནིའི་ དཔའ་བཅམ་པའི་སྐབས་ ས་གནས་ཀྱི་ མི་སེར་ཚུ་གིས་ བྱིན་མ་བཏུབ་ཨིན་པས།
ཆུ་དེ་ སྤྱི་འོག་ལས་ ཀི་ལོ་མི་ཊར་༡༠ དེ་ཅིག་གི་ས་ཁར་ཡོདཔ་ད་ རྟ་ལོག་གི་ རྒཔོ་ཀུན་ལེགས་ཀྱིས་ སླབ་མིའི་ནང་ གལ་སྲིད་སྟོད་པའི་མི་སེར་ཚུ་གིས་ ཁོང་གི་རྒེད་འོག་ནང་ལས་ ཆུ་བཏོན་བཅུག་པ་ཅིན་ སྤྱི་འོག་ནང་མི་སེར་༡,༥༠༠ ལྷགཔ་ཅིག་ལུ་ འཐུང་ཆུ་ལང་ཚུགས་པའི་ཁར་ ཞིང་ཆུ་སྦེ་ཡང་ ལག་ལེན་འཐབ་ཚུགས་ཟེར་ཨིན་པས།
རྒཔོ་ཀུན་ལེགས་ཀྱིས་འབད་བ་ཅིན་ འཐུང་ཆུ་གཏོན་ནིའི་སྐོར་ལས་ རྒེད་འོག་༢ ཀྱི་བར་ན་ ལན་ཐེངས་༢ གྲོས་བསྡུར་འབད་བའི་སྐབས་ རྫོང་ཁག་བདག་སྐྱོང་གིས་ཡང་ བཅའ་མར་གཏོགས་རུང་ ད་ལྟོ་ གྲོས་ཐག་ག་ནི་ཡང་ བཅད་མ་ཚུགས་པར་ཡོད་ཟེར་ཨིནམ་ད་ ཨིན་རུང་ འཐུང་ཆུ་བཀྲམ་སྤེལ་གྱི་དོན་ལུ་ འཆར་གཞི་༡༠ པའི་ འཆར་དངུལ་ལས་ ན་ཧིང་ དངུལ་ཀྲམ་ས་ཡ་༡.༢ དེ་ཅིག་གནས་པའི་ ཆུ་དུང་མཁོ་སྒྲུབ་འབད་བཞག་ཅི་ཟེར་ཨིན་པས།
སྤྱི་འོག་གི་ མི་སེར་ཚུ་གིས་འབད་བ་ཅིན་ ལྟག་མགོ་ལུངམ་ཆུ་དེ་ སྟོད་པའི་སའི་ མི་སེར་ལ་ལུ་ཅིག་གིས་ ཞིང་ཆུ་གི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ཚུལ་ལྡན་སྦེ་ སྤྱོད་མི་མེད་མི་ལུ་བརྟེན་ དེ་སྦེ་ར་ འཐོན་འགྱོ་དོ་ཡོདཔ་ཨིན་པས།
དེ་འབདཝ་ད་ སྟོད་པའི་ས་རྒཔོ་ རྡོ་རྗེ་ནོར་བུ་གིས་འབད་བ་ཅིན་ ཆུ་དེ་ རྒེད་འོག་གཞན་གྱི་ མི་སེར་ཚུ་ལུ་ སྤྱོད་བཅུག་པ་ཅིན་ རྒེད་འོག་དེ་གི་ མི་སེར་ལ་ལུ་ཅིག་ལུ་ ཞིང་ཆུ་མ་ལང་པའི་ དཀའ་ངལ་འཐོན་ནི་མས་ཟེར་ཨིན་པས།
རྫོང་ཁག་རང་བཞིན་གནས་སྟངས་འགོ་དཔོན་ རིན་ཆེན་རྡོ་རྗེ་གིས་ ཆུའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ ཞིང་ཆུ་ལས་ འཐུང་ཆུ་དེ་ ཁག་ཆེཝ་ལས་ ལབ་རྩ་ཁའི་ མི་ཚུ་གིས་ ལྟག་མགོ་ལུངམ་ཆུ་དེ་ ངེས་པར་དུ་ ཐོབ་དགོཔ་འདུག་ཟེར་ སླབ་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ རྫོང་ཁག་བདག་སྐྱོང་ལུ་ ཞུ་ཡིག་ལེ་ཤ་ཅིག་བཙུགས་རུང་ ལན་གསལ་མེད་པའི་ཁར་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་༢ ཆ་ར་གིས་ སྤྱི་ལོ་༢༠༠༨ ལུ་ ཁས་བླངས་གསལ་བསྒྲགས་འབད་བའི་སྐབས་ འཐུང་ཆུ་བཀྲམ་སྤེལ་འབད་ནི་ཟེར་ སླབ་ཡོད་རུང་ ད་ཚུན་གྱི་བར་ ག་ཅི་ཡང་ འབད་འབདཝ་མེད་ཟེར་ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment