གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཇིགས་མེད་གླིང་ འགག་སྡེའི་དམག་གསར་སློབ་སྦྱོང་ཐེངས་༤༥ པ་མཇུག་བསྡུ་ཡོདཔ།

༤/༣/༢༠༡༣   ༉ དགེ་ལེགས་ཕུག་ འཇིགས་མེད་གླིང་ འགག་སྡེའི་སློབ་སྦྱོང་སྤེལ་ཁང་ནང་ལས་ དམག་གསར་ཤོག་ཐེངས་༤༥ པ་དེ་ སྤྱི་ཟླ་༣ པའི་ཚེས་༢ ལུ་ མཇུག་བསྡུ་ཡོད་མི་དང་འབྲེལ་ དམག་གསར་༡༡༢ ཀྱིས་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས།
སྦྱོང་བརྡར་མཇུག་མི་ ཁྲིམས་སྲུང་འགག་པ་ཚུ་ མནའ་ཆུ་བཟེད་པའི་བསྒང་།


མཇུག་བསྡུའི་རྟེན་འབྲེལ་ནང་ སྐུ་མགྲོན་གཙོ་བོ་ ནང་སྲིད་དང་སྲོལ་འཛིན་བློན་པོ་ མི་འགྱུར་རྡོ་རྗེ་གིས་ སློབ་སྦྱོང་མཐར་འཁྱོལ་མི་ དམག་གསར་ཚུ་ལུ་ བཀྲ་ཤིས་བདེ་ལེགས་དང་གཅིག་ཁར་ འབྲུག་གི་འགག་སྡེའི་བཅའ་ཡིག་༢༠༠༩ ཅན་མའི་ དགོངས་དོན་དང་འཁྲིལ་ སློབ་སྦྱོང་ལྟེ་བའི་མིང་དེ་ཡང་ སློབ་སྦྱོང་སྤེལ་ཁང་དང་ སྦྱོང་བརྡར་ལྟེ་བའི་འགོ་དཔོན་ལུ་ མདོ་ཆེན་སྦེ་ བསྒྱུར་བཅོས་འབད་ཡོད་པའི་སྐོར་ལས་ གསུངས་ཡི།
བློན་པོ་གིས་ གསུངས་མིའི་ནང་ ད་རེས་ནངས་པ་ དུས་ཀྱི་ཕོ་འགྱུར་དང་བསྟུན་ ཁྲིམས་འགལ་གྱི་ལཱ་འབད་མི་ མང་སུ་ཐོན་དོ་ཡོདཔ་ལས་ དེ་ཚུ་བཀག་ཆའི་གདོང་ལེན་འབད་དེ་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་སྒྲིང་སྒྲིང་བཟོ་ནི་དེ་ འགག་སྡེའི་འགན་ཁུར་གཙོ་ཅན་ཅིག་ཨིནམ་ལས་ འགག་སྡེ་གིས་ དུས་ནམ་ར་འབད་རུང་ རྩ་བ་༣ ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཕྱག་ཕྱིད་ཞུ་དགོ་ཟེར་ཨིན་པས།
བློན་པོ་གིས་ ཁྲིམས་སྲུང་འགག་སྡེ་དེ་ ཁག་ཆེ་མི་ལུ་བརྟེན་ ད་ལས་ཕར་ འཇིགས་མེད་གླིང་ འགག་སྡེའི་སློབ་སྦྱོང་སྤེལ་ཁང་དང་ བཀྲིས་དགའ་ཚལ་ འགག་སྡེའི་སློབ་སྦྱོང་ལྟེ་བ་༢ ཀྱི་མཐུན་རྐྱེན་དང་ སློབ་ཚན་༢ ཆ་རའི་ནང་ རྒྱ་བསྐྱེད་འབད་ནིའི་འཆར་གཞི་ཡོདཔ་མ་ཚད་ འཆར་གཞི་༡༡ པའི་ནང་ ད་ལྟོ་ འགག་སྡེའི་འགོ་དཔོན་༡༡ ཡོད་མི་དེ་ རྫོང་ཁག་༢༠ ཆ་མཉམ་ནང་ རེ་རེ་གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་གསུངས་ཡི།
སྤྱི་ཟླ་༢ པའི་ཚེས་༢༧ ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་གཙོ་འཛིན་ སྐྱིབ་ཅུ་རྣམ་རྒྱལ་གྱིས་ སློབ་སྦྱོང་སྤེལ་ཁང་གི་ མདོ་ཆེན་ལུ་ སྤེལ་ཁང་གི་ རྒྱལ་དར་གསརཔ་དེ་ཡང་ རྩིས་སྤྲོད་འབད་ཡོདཔ་མ་ཚད་ སྤེལ་ཁང་གི་དཔེ་མཛོད་ཁང་དང་ རྒྱལ་དར་ལྷ་ཁང་གི་  རྟེན་འབྲེལ་བརྩི་སྲུང་འབད་ཡོདཔ་ཨིན།
རྒྱལ་གཞུང་འབྲུག་གི་འགག་སྡེ་ནང་ལས་ གནས་ཚུལ་གསར་བཀོད་དང་འཁྲིལཝ་ད་ དམག་གསར་ཚུ་གིས་ སློབ་སྦྱོང་སྤེལ་ཁང་ནང་ལས་ ཟླཝ་༡ གི་རིང་ལུ་ ཁྲིམས་དང་ ཞིབ་དཔྱད་ལམ་ལུགས་ རྒྱུན་འགྲུལ་འཛིན་སྐྱོང་ལ་སོགས་པ་དང་ གཞན་མཚོན་ཆ་ལག་ལེན་དང་ མཚོན་ཆ་མེད་པའི་ཁྱད་རིག་གི་སྦྱོང་བསྡར་ལ་སོགས་པ་ཚུ་ མཐར་འཁྱོལ་ཡི་ཟེར་ཨིན་པས།
སློབ་སྦྱོང་སྤེལ་ཁང་ནང་ལས་ མཐར་འཁྱོལ་མི་ཆ་མཉམ་ སློབ་རིམ་༡༠ པ་དང་༡༢ པ་ ལྷབ་མི་ཚུ་ཨིནམ་ད་ དེ་ཚུ་གི་གྲས་ལས་ ཕོ་སྐྱེས་༨༧ དང་ ཨམ་སྲུ་༢༥ ཡོདཔ་ཨིན་པས།
སྦྱོང་བརྡར་མཐར་འཁྱོལ་བའི་ཤུལ་ལུ་ དར་ཞུ་མི་ཅིག་ སློབ་རིམ་༡༠ པའི་སློབ་ཕྲུག་བགྲེསཔ་ སློབ་སྦྱོང་སྤེལ་ཁང་ནང་འཛུལ་མི་ དབང་འདུས་ཕོ་བྲང་ དགའ་སེང་ལོག་ལས་ སྐྱེས་ལོ་༢༡ ལང་མི་ ཀུན་ལེགས་རྡོ་རྗེ་དེ་ཨིནམ་ད་ ཁོ་གིས་ སློབ་རིམ་༡༠ པ་ལས་ གཞུང་གི་སློབ་གྲྭ་ཆེ་བའི་ནང་ ཤེས་ཡོན་འཕྲོ་མཐུད་ལྷབ་ནིའི་ གོ་སྐབས་ཐོབ་མ་ཚུགསཔ་ལས་ སྤེལ་ཁང་ནང་འཛུལ་ཚུགས་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤེལ་ཁང་ལས་ ཡོན་ཏན་ལེ་ཤ་ཐོབ་ཡོདཔ་ལས་ དེ་ཚུ་ལག་ལེན་འཐབ་སྟེ་ རྒྱལ་ཁབ་ནང་ཁྲིམས་སྲུང་གི་དོན་ལུ་ ཕྱག་ཞུ་ཚུགས་པའི་རེ་བ་སྦོམ་ ཡོད་ཟེར་ཨིན་པས།
སྐྱེས་ལོ་༢༠ ལང་མི་ ཉི་མ་བཟང་མོ་གིས་སླབ་མིའི་ནང་ སྦྱོང་བརྡར་སྤེལ་ཁང་ནང་ འགོ་དང་པ་འཛུལ་བའི་སྐབས་ སྦྱོང་བརྡར་འབད་ནི་ལུ་ ལཱ་ཁག་ཡོད་ནི་དེ་གིས་ འབད་མི་ཚུགས་ནི་མས་ཟེར་བའི་ མནོ་བསམ་བཏང་ཡོདཔ་ཨིན་རུང་ ཤུལ་ལས་ ལེགས་ཤོམ་སྦེ་མཐར་འཁྱོལ་ཚུགས་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
དམག་གསར་མཐར་འཁྱོལ་བྱུང་མི་ཚུ་གིས་ འཕྲལ་མགྱོགས་ར་ རྒྱལ་ཁབ་ནང་འཁོད་ཀྱི་ འགག་སྡེ་ཚུ་ནང་ ཁྲིམས་སྲུང་འགག་པ་དཀྱུས་དམག་སྦེ་ ཕྱག་ཞུ་ནི་ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment