གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྡོའི་ཐོན་སྐྱེད་ཚུ་ བཙོང་མ་ཚུགས་པའི་དཀའ་ངལ།

༡༩/༣/༢༠༡༣   རྡོའི་ཐོན་སྐྱེད་ཚུ་ ཕྱིར་བཙོང་འཐབ་བཅུག་པ་ཅིན་ སྒེར་སྡེ་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
༉ གསར་སྤང་དང་ དགེ་ལེགས་ཕུག་གི་ གཞུང་ལམ་བདའ་སྟེ་ རྡོ་དཀྲུམ་འཕྲུལ་ཆས་ལག་ལེན་འཐབ་མི་ ཇོ་བདག་ཚུ་ རྡོ་རུག་ བཙོང་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
ཉོ་མི་མེད་པར་ སྤུངས་བཞག་དགོཔ་ཐོན་མི་ རྡོ་རུག་ཚུ།


རྡོ་རུག་དང་ བྱེམ་བཙོང་མ་ཚུགས་པར་ སེམས་ཕམ་བྱུང་སྟེ་ སྡོད་མི་ཅིག་ དགེ་ལེགས་ཕུག་ལས་ གསར་སྤང་ཁ་ཐུག་ལུ་ ཀི་ལོ་མི་ཊར་༧ དེ་ཅིག་གི་ས་ཁར་ བྷུར་ལུ་ གཞུང་ལམ་འོག་ལུ་ གཞི་བཙུགས་འབད་མི་ གསེར་གཤོང་རྡོ་དཀྲུམ་འཕྲུལ་ཆས་ཀྱི་ ཇོ་བདག་བཀྲ་ཤིས་དབང་ཕྱུག་དེ་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ ཟད་འགྲོ་སྦོམ་གཏང་ཐོག་ལས་ འཕྲུལ་ཆས་ཚུ་ གཞི་བཙུགས་འབད་ཡོདཔ་ཨིན་རུང་ ཉོ་མི་གངམ་ མིན་འདུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ འཕྲུལ་ཆས་ཚུ་ འདས་པའི་ལོ་༡ ལྷགཔ་ཅིག་གི་ཧེ་མར་ དངུལ་ཀྲམ་དུང་ཕྱུར་༡ དང་ འབུམ་༣༥ དེ་ཅིག་ ཟད་འགྲོ་བཏང་ཐོག་ལས་ རྡོ་དཀྲུམ་འཕྲུལ་ཆས་ཚུ་ གཞི་བཙུགས་འབད་ཡོདཔ་ཨིན་རུང་ ཐོན་སྐྱེད་ཚུ་ ཉོ་མི་མེད་པར་ ས་ཁོངས་ནང་ར་ སྤུངས་བཞག་དགོཔ་ ཐོནམ་མས་ཟེར་ཨིན་པས།
བཀྲ་ཤིས་དབང་ཕྱུག་ལུ་ ད་ལྟོ་ རིན་གོང་དངུལ་ཀྲམ་འབུམ་༤༠ དེ་ཅིག་གནས་པའི་རྡོ་རུག་ སྣུམ་འཁོར་ཊཱག་གི་དོས་༤༠༠ དེ་ཅིག་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ས་ཁོངས་དེ་ནང་ ཝ་འེཏི་ཏཱ་ར་རྡོ་དཀྲུམ་འཕྲུལ་ཆས་ལུ་ཡང་ དཀའ་ངལ་དེ་ ལྕོགས་ར་ཐདཔ་སྦེ་ བྱུང་སྟེ་ཡོདཔ་ད་ རྡོ་དཀྲུམ་འཕྲུལ་ཆས་ཀྱི་འཛིན་སྐྱོང་པ་ ཧེམ་རཱཇ་དགའ་ལེ་གིས་ སླབ་མིའི་ནང་ འཕྲུལ་ཆས་ཚུ་ འདས་པའི་ལོའི་ སྤྱི་ཟླ་༡༡ པའི་ནང་ གཞི་བཙུགས་འབད་བའི་ཤུལ་ལས་ ད་རེས་ནངས་པ་ རིན་གོང་དངུལ་ཀྲམ་འབུམ་༡༥ དེ་ཅིག་གནས་པའི་ རྡོ་རུག་ སྣུམ་འཁོར་ཊཱག་གི་དོས་༡༥༠ དེ་ཅིག་ བཙོང་མ་ཚུགས་པར་ མཛོད་ཁང་ནང་ སྤུངས་བཞག་སྟེ་ ཡོད་ཟེར་ཨིན་པས།
འཕྲུལ་ཆས་ཀྱི་ཇོ་བདག་ཚུ་གིས་ སླབ་མིའི་ནང་ རྡོའི་ཐོན་སྐྱེད་ཚུ་ ཉོ་སྒྲུབ་འབད་མི་ མེད་མི་དེ་ཡང་ གཙོ་བོ་ར་ ད་རེས་ནངས་པ་ བཟོ་སྐྲུན་གྱི་དོན་ལུ་ དངུལ་ཁང་ཚུ་གིས་ བསྐྱིན་འགྲུལ་བཀག་ཆ་འབད་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
གནད་དོན་གཞན་མི་དེ་ དགེ་ལེགས་ཕུག་དང་ གསར་སྤང་གི་ གཞུང་ལམ་བདའ་སྟེ་ འཕྲུལ་ཆས་ལག་ལེན་འཐབ་མི་ མངམ་ཐོན་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།
དགེ་ལེགས་ཕུག་དེ་ གོང་འཕེལ་གྱི་ གོ་སྐབས་སྦོམ་ཡོདཔ་བཞིན་དུ་ གཞུང་ལམ་བདའ་སྟེ་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ རྡོ་དཀྲུམ་འཕྲུལ་ཆས་བརྩིས་ཏེ་ བསྡོམས་ཀྱིས་འཕྲུལ་ཆས་༦ དེ་ཅིག་ ཡོདཔ་ཨིན་པས།
ཨིན་རུང་ འཕྲུལ་ཆས་ཀྱི་ ཇོ་བདག་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཐོན་སྐྱེད་ཚུ་ ཕྱིར་བཙོང་འཐབ་བཅུག་པ་ཅིན་ དཀའ་ངལ་དེ་ བསལ་ཚུགས་ནི་ཨིན་མས་ཟེར་ཨིན་པས།
བཀྲ་ཤིས་དབང་ཕྱུག་གིས་ སླབ་མིའི་ནང་ རྡོའི་ཐོན་སྐྱེད་ཚུ་གི་ དགོས་མཁོ་ཡོད་པའི་སྐོར་ལས་ རྒྱ་གར་ལས་ མཁོ་འདོད་བཀོད་མི་ལེ་ ཤ་ཐོན་དོ་ཡོདཔ་ལས་ གལ་སྲིད་ ཐོན་སྐྱེད་ཚུ་བཙོང་བཅུག་པ་ཅིན་ ཁོང་གི་མཛོད་ཁང་ནང་བཞག་མི་ རྡོའི་ཐོན་སྐྱེད་ཚུ་ ཚཙོང་ཚུགས་ནི་མས་ཟེར་ཨིན་པས།
དེ་ཡང་ འཕྲུལ་ཆས་འཆང་མི་ ཇོ་བདག་ཚུ་གིས་ སླབ་མིའི་ནང་ རྡོའི་ཐོན་སྐྱེད་ཚུ་ མཛོད་ཁང་ནང་ བསགས་ལུས་མི་དེ་གིས་ བསྐྱིན་འགྲུལ་ལེན་ཡོད་པའི་ ཟླ་རིམ་གྱི་ སྐྱིན་ཚབ་ཚུ་ སྤྲོད་མ་ཚུགས་པའི་ དཀའ་ངལ་ཐོནམ་མ་ཚད་ ལས་གཡོགཔ་ཚུ་གི་ ཟླ་རིམ་དངུལ་ཕོགས་ཚུ་ཡང་ སྤྲོད་མ་ཚུགས་པའི་ དཀའ་ངལ་ བྱུངམ་མས་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ དེ་སྦེ་ ཕྱིར་བཙོང་འཐབ་མ་ཆོག་མི་དེ་ཡང་ ས་གཏེར་ལམ་ལུགས་དང་འཁྲིལཝ་ད་ གཏེར་ཁ་བཏོན་མི་རྐྱངམ་གཅིག་མ་གཏོགས་ སའི་ཐོག་ཁ་ལས་ བསྡུ་བསྒྱོམ་འབད་དེ་ རྡོ་རུག་ཐོན་སྐྱེད་འབད་མི་ཚུ་ ཕྱིར་བཙོང་འཐབ་མ་ཆོགཔ་སྦེ་ ཡོད་ནི་དེ་གིས་ཨིན་མས་ཟེར་ཨིན་པས།
རྡོ་དཀྲུམ་འཕྲུལ་ཆས་ཀྱི་ ཇོ་བདག་ཚུ་གིས་ སླབ་མིའི་ནང་ ནང་འཁོད་ཀྱི་ ཚོང་མགྲོནཔོ་ཚུ་ཡོད་པ་ཅིན་ ཁ་བཏང་དགོཔ་མེད་རུང་ ད་རེས་ནངས་པ་ གཞུང་གིས་ བཟོ་སྐྲུན་གྱི་དོན་ལུ་ བསྐྱིན་འགྲུལ་བཀག་ཆ་འབད་བཞག་མི་ལུ་བརྟེན་ ཉོ་མི་རྩ་ལས་མེདཔ་ལས་ ཕྱིར་བཙོང་འཐབ་ཆོག་པའི་གནང་བ་གནང་པ་ཅིན་ སྒེར་སྡེ་ཚུ་ལུ་ ཕན་ཐོགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment