གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༡༨/༣/༢༠༡༣   དྲང་ཁྲིམས་མ་ཐོབ་མི་ལུ་དབྱེ་ཞིབ།
༉ ང་བཟུམ་མའི་ བུ་གཞི་ཁ་ཕྲ་བ་གསོ་སྐྱོང་འཐབ་ནི་ཡོད་མི་ལུ་ དྲང་ཁྲིམས་མ་ཐོབ་པར་ དཀའ་སྡུག་མྱོང་བའི་སྐོར་ལས་ གསལ་ཞུ་འབད་ནི་ཨིན་མི་དེ་ཡང་ ཚེ་འདས་ཨའི་ངོ་བོ་སྦེ་ སྡོད་པའི་སྐབས་ ང་བཅས་བུ་གཞི་ཚུ་ལུ་ རང་སོའི་ཐོབ་ལམ་དང་འཁྲིལ་ ས་ཞིང་ཚུ་ སྐལ་བགོ་བྱིན་ཏེ་ གཞམལ་སྒང་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ སྐལ་བགོ་སྤྲོད་ཡོད་པའི་ འཁྲུན་ཆོད་ཅིག་རང་ གནང་ཡི་ཟེར་ཞུ་ནི།


འདི་འབདཝ་ད་ ང་བཅས་ཀྱི་ཨའི་ ཚེ་ལས་འདས་པའི་རྗེས་སུ་ ཚེ་འདས་ཨ་ཞང་གིས་ ཁྲིམས་ཀྱི་འཁྲུན་ཆོད་ལུ་ བརྩི་མཐོང་མ་བསྐྱེད་པར་ ཁོ་རའི་བློ་འདོད་ལྟར་དུ་ གན་ཡིག་ཅིག་ བཟོ་ཡོད་མི་ལུ་བརྟེན་ ཁྲིམས་སར་གཏུགས་པའི་སྐབས་ ཁྲིམས་འདུན་གྱིས་ཡང་ ཧེ་མའི་ གྲོས་ཆོད་དང་འཁྲིལ་མིན་པར་ ཨ་ཞང་གིས་ མགུ་སྐོར་ག་ལས་བཟོ་མི་ གན་ཡིག་ལུ་ ཆ་གནས་འབད་དེ་ ང་བཅས་ཀྱིས་ བཟའ་སྤྱོད་འབད་མི་ ས་ཞིང་དེ་ ཚེ་འདས་ཨ་ཞང་གི་ བཟའ་ཚང་ཚུ་ལུ་ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ལས་ ཁེ་རྒུད་རྩ་ལས་ མ་བཏུབ་ཟེར་ཞུ་ནི།
མ་གཞི་ རྩོད་ཉོགས་ཡོད་མི་ ས་ཆ་དེ་ནང་ དྲང་དཔོན་གྱིས་ ཞབས་བཅག་གནང་སྟེ་ ཞིབ་དཔྱད་རྐྱབ་ཡོད་རུང་ ས་ཆ་དང་འབྲེལ་བ་ཡོད་པའི་ དཔང་པོ་ཚུ་ འབོ་མ་གནང་པའི་ཁར་ ཁྲིམས་ཀྱི་འདུན་སར་ ང་བཅས་ཀྱི་ ཁ་ཐུག་ལས་ ཁ་གསལ་ཞུ་ནིའི་དོན་ལུ་ ག་དེ་སྦེ་ར་ ཞུ་ནི་གི་ དཔའ་བཅམ་རུང་ གོ་སྐབས་གནང་མ་བཏུབ་ཟེར་ཞུ་ནི།
རྩོད་ཟླ་འམ་ བྱང་ཕྱད་ལུ་འབད་བ་ཅིན་ མོ་རའི་བློ་འདོད་མ་ཁེངས་ཚུན་ ཞུ་བཅུག་པའི་མཐའ་མར་ འཁྲུན་ཆོད་དེ་ཡང་ ཧེ་མའི་ འཁྲུན་ཆོད་ལུ་ ཆ་གནས་མ་བཞག་པར་ རྩོད་ཟླ་ལུ་ ས་ཆ་ཐོབ་སྦེ་ གནང་མི་ལུ་བརྟེན་ མི་སེར་འུ་སྡུག་ཉག་ཕྲ་ ཨ་ལུ་བུ་གཞི་ཚུ་ལུ་ བཟའ་སྤྱོད་འབད་ནི་གི་ ས་ཆ་ལངམ་མེད་མི་གུ་ དཀའ་ངལ་ཧེང་བཀལ་ར་ བཟོ་ད་ཡི་ཟེར་ཞུ་ནི།
འཁྲུན་ཆོད་དེ་ལུ་ ཁེ་རྒུད་མ་བཏུབ་པར་ མངོན་མཐོའི་ཁྲིམས་འདུན་ཚུན་ཚོད་ མཐོ་གཏུགས་འབད་ཡོད་རུང་ མཐོ་གཏུགས་ཁྲིམས་འདུན་ཚུ་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ཁག་གཉིས་ཡོད་མི་ལུ་ ཞིབ་དཔྱད་མ་མཛད་པར་ གཞལམ་སྒང་གི་ དྲང་དཔོན་གྱིས་གནང་མི་ འཁྲུན་ཆོད་དེ་ བསྟར་སྤྱོད་འབད་དགོཔ་སྦེ་ ལོག་སྟེ་ར་ ཐོག་མའི་ཁྲིམས་ཀྱི་འདུན་སར་ བཀའ་རྒྱ་གནང་མི་དང་འཁྲིལཝ་ད་ ང་བཅས་ཀྱི་ ས་ཆ་ཚུ་ཡང་ སྤྲོད་དགོཔ་མ་ཚད་ ཉེས་ཁྲིམས་ཡང་ཕོགཔ་སྦེ་ཨིན་མས་ཟེར་ ཞུ་ནི།
འདི་བཟུམ་མའི་ རྩོད་དོན་ཚུ་ནང་ དྲང་ཁྲིམས་ལྷན་སྡེའི་ཁ་ཐུག་ལས་ དབྱེ་ཞིབ་ལེགས་ཤོམ་མཛད་གནང་པ་ཅིན་ ཁྲིམས་གཏུགས་འབད་མི་ རྩ་ཕན་ཉམ་ཆུང་ཚུ་གིས་ དྲང་ཁྲིམས་ཐོབ་ཚུགས་ནི་དང་ ལྷན་སྡེ་ལུ་ སྐྱོན་བརྗོད་དང་ འཕྱར་ཁ་ཞུ་དགོཔ་ཡང་ མི་འཐོན་ཟེར་ཞུ་ནི།
དེ་མིན་ ང་བཟུམ་མའི་ མི་སེར་ཁ་མེད་ལྕ་མེད་ཚུ་གིས་ དྲང་ཁྲིམས་ཐོབ་ཚུགས་པར་ ལཱ་ཁག་འོང་ནི་ཨིནམ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཞིབ་དཔྱད་མཛད་གནང་པ་ཅིན་ མི་སེར་ཉམས་ཆུང་ཚུ་གི་ སྐྱིད་སྡུག་དང་ དཀའ་ངལ་ཚུ་ སེལ་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ ཞུ་ནི་ཨིན
 
བསོད་ནམས་ཆོས་སྒྲོན། སྐྱིད་མཁར།
ནང་སྐོར་རྒེད་འོག། གཞལམ་སྒང་།

 

རྩོད་དོན་དེ་ལུ་དོགས་སེལ།

༉ རྩོད་དོན་དེ་གི་སྐོར་ལས་ ཀུན་གསལ་གྱིས་ གཞལམ་སྒང་གི་ དྲང་དཔོན་དང་ འབྲེལ་བ་འཐབ་ད་ སྙན་གསན་སྐབས་ རྩོད་ཟླ་དང་ རྩོད་རྩ་གཉིས་ཆ་ར་ལུ་ རང་སོའི་སྒྲུབ་བྱེད་དང་ གནད་དོན་ཚུ་ ཁུངས་གསལ་ཞུ་ནུ་གི་ གོ་སྐབས་འདྲ་མཉམ་བྱིན་ཡོདཔ་མ་ཚད་ འཁྲུན་ཆོད་ཡང་ སྒྲུབ་བྱེད་དང་འཁྲིལ་ གནང་ཡོད་མི་ལུ་བརྟེན་ མཐོ་གཏུགས་ཁྲིམས་འདུན་གཉིས་ཀྱིས་ཡང་ ཐོག་མའི་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ ཆ་འཇོག་མཛད་གནང་ནུག་ཟེར་ དོགས་སེལ་འབད་ཡོདཔ་ད་ བསོད་ནམས་ཆོས་སྒྲོན་གྱིས་ བཟའ་སྤྱོད་འབད་མི་ ས་ཆ་དེ་ དུས་ཡུན་ཟླཝ་༢ ཀྱི་ནང་འཁོད་ལུ་ ལོག་མ་སྤྲོད་པ་ཅིན་ ཁྲིམས་ལུ་ཁྱད་གསོད་ཀྱི་ ཉེས་ཁྲིམས་བཀལ་འོང་ཟེར་ སླབ་ཨིན་པས།

No comments:

Post a Comment