གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་དཔོན་གྱིས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནི།

 རྒྱལ་པོའི་ཞིང་གི་ ས་ཆའི་རྩོད་དོན།
རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་ཀྱིས་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་མི་ལུ་བརྟེན་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ནི་སྦེ་ ཐུགས་ཐག་བཅད་ཡོདཔ་ཨིན་པས།

ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ཀུན་གསལ་ལུ་ བཤད་མིའི་ནང་ མཐོ་གཏུགས་ཀྱི་ ཞུ་ཡིག་དེ་ཡང་ ད་རིས་ རྫོང་ཁག་ཁྲིམས་འདུན་ལུ་ ཕུལ་ནིའི་དོན་ལས་ ཁ་ཙ་ ཞུ་ཡིག་གུ་ མཚན་རྟགས་བཀོད་ཅི་ཟེར་ཨིན་པས།


ཚོགས་དཔོན་གྱིས་འབད་བ་ཅིན་ མཐོ་གཏུགས་ཞུ་དགོ་པའི་ གནད་དོན་ཁག་གསུམ་ཡོད་མི་དེ་ཡང་ རྫོང་ཁག་ལུ་ ཁྲིམས་ཀྱི་དོན་འགྲེལ་འབད་མི་ དྲང་དཔོན་ཕུད་རྡོག་གཅིག་ལས་བརྒལ་ མེདཔ་ཨིན་རུང་ ཆེ་མཐོ་ཁྲིམས་འདུན་ནང་ དྲང་དཔོན་ལེ་ཤ་ཡོད་མི་ཚུ་གིས་ ཁྲིམས་ཀྱི་གོ་དོན་མ་འདྲཝ་ དོན་འགྲེལ་འབད་ནི་གི་ འོས་འབབ་ཡོད་ཟེར་ཨིན་པས།

གཉིས་པ་འབདཝ་ད་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་ནང་ འཛོལ་བ་ག་ནི་ཡང་མེད་རུང་ ཚོགས་ཆུང་གི་ འཐུས་མི་ལེ་ཤ་ཅིག་ལུ་ བཙོན་ཁྲིམས་ཕོག་ནི་དེ་གིས་ མ་འོངས་པ་ལུ་ བཙག་འཐུ་གྲུབ་པའི་ འགོ་ཁྲིདཔ་ཚུ་གིས་གཙོས་པའི་ ཞི་གཡོགཔ་ཚུ་ ཚོགས་ཆུང་གི་ འཐུས་མི་འབད་ནི་ལུ་ སེམས་ཤུགས་མེདཔ་འགྱོ་ནི་དང་ སྤྲོ་བ་ཞན་བཅུག་ནི་གི་ ཉེན་ཁ་ཡོདཔ་ལས་ འདི་བཟུམ་འཐོན་མི་བཅུག་ནི་གི་དོན་ལུ་ མཐོ་གཏུགས་འབདཝ་ཨིན་ཟེར་ ཚོགས་དཔོན་གྱིས་ སླབ་ཨིན་པས།

གནད་དོན་གསུམ་པ་དེ་ ཁོ་ལུ་ ཉེས་འཛུགས་འབད་མི་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་ བཅའ་ཁྲིམས་ཚུ་ལས་ འགལ་བའི་ཁར་ དྲང་ཁྲིམས་ལོག་སྤྱོད་འབད་ཡོད་པའི་ ཚོར་སྣང་ཡང་ བྱུང་ཡི་ཟེར་ ཚོགས་དཔོན་གྱིས་ བཤད་པའི་ཁར་ ཁོ་གི་ སྲིད་ཚེོགས་ཀྱིས་ཡང་ རྫོང་ཁག་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ བསམ་པ་མ་རྫོགས་པར་ མཐོ་གཏུགས་འབད་ནི་གི་ ཐག་བཅད་ནུག་ཟེར་ བཤདཔ་ཨིན་པས།

སྤྱི་ཟླ་༣ པའི་ཚེས་༨ ལུ་ རྫོང་ཁག་ཁྲིམས་འདུན་གྱིས་ ཚོགས་དཔོན་ལུ་ ཉེས་འཛུགས་ཁག་༢༣ གྱི་བཙོན་ཁྲིམས་ ལོ་༢ དང་ཟླཝ་༦ བཀལ་ཡོད་མི་དེ་ཡང་ སྤྱི་ལོ་༡༩༩༩-༢༠༠༢ ལུ་ མོང་སྒར་རྫོང་བདག་དང་ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གི་ ཁྲི་འཛིན་སྦེ་ བཞུགས་པའི་སྐབས་ལུ་ ཁོ་རའི་གཡོགམོ་རྩིས་ཏེ་ མི་གྲངས་༢༣ ལུ་ ཚུལ་མིན་ཐོག་ལས་ ས་ཆ་བགོ་བཀྲམ་ཐོག་ བདག་དབང་གི་ ཆ་འཇོག་ལག་ཁྱེར་ སྤྲོད་ནི་དེ་གིས་ཨིན་པས།

ཚོགས་དཔོན་གྱིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་སྤྲོདཔ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༡༩༨༧ ཟླཝ་༣ པའི་ཚེས་༣༡ ལུ་ ས་ཆའི་ཁྱད་ཚད་དང་ ལམ་སྟོན་གནང་མི་ བཀའ་རྒྱ་དེ་ སྣང་མེད་རྒྱབ་སྐྱུར་བཞག་ཡོད་པའི་ཁར་ ཞབས་ཏོག་ལྷན་ཁག་གིས་ གཞུང་ལས་གནང་བ་མ་གནང་ཚུན་ རྫོང་ཁག་ནང་ ས་སྤྲོད་ནི་དང་ ཐོ་བཀོད་འབད་ནི་ཚུ་ག་ར་ ཕར་ཕུད་རྐྱབ་བཞག་དགོ་པའི་ ཁྱབ་བསྒྲགས་ལུ་ཡང་ མ་གནས་པས་ཟེར་ ཤོག་གྲངས་༥༡༡ འབད་མི་ འཁྲུན་ཆོད་ནང་བཀོད་ནུག།

དེ་ལས་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་འཛུགས་ལུ་བརྟེན་ བཙོན་ཁྲིམས་ལོ་༡ ཕོག་མི་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་གིས་དང་ འབྲེལ་བ་འཐབ་མ་ཚུགས་རུང་ བློན་པོའི་རྒྱབ་མི་གིས་ འབད་བ་ཅིན་ དེ་གི་སྐོར་ལས་ བློན་པོ་དང་ གྲོས་བསྟུན་འབད་བའི་བསྒང་ ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ མོང་སྒར་རྫོང་བདག་དང་ ས་བགོ་སྤྲོདཚོགས་ཆུང་གི་ ཁྲི་འཛིན་སྦེ་ བཞུགས་པའི་སྐབས་ བློན་པོ་མི་འགྱུར་རྡོ་རྗེ་གིས་ ས་ཆ་སྤྲོད་ཐངས་ཀྱི་ ཚད་གཞི་དང་ ལམ་སྟོན་ཚུ་དང་མ་འཁྲིལ་བར་ བུམ་ཐང་མཁར་ཆུ་གྲྭ་ཚང་དང་ མོང་སྒར་དགྲ་མེད་རྩེ་གྲྭ་ཚང་ དེ་ལས་ མི་ངོ་༣ ལུ་ ས་ཆ་བགོ་སྤྲོད་ འབད་ཡོདཔ་ཨིན་པས།
ད་རུང་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་༡༣ ལས་མཇུག་ར་ དངུལ་རྩིས་འགོ་དཔོན་བགྲེསཔ་ ལོག་ནཱཐ་ཌཱད་ཀྱིས་ ཁ་ཙ་མཐོ་གཏུགས་ཀྱི་ ཞུ་ཡིག་བཙུགས་ཡོདཔ་ད་ འཐུས་མི་གཞན་༦ གིས་ བདུན་ཕྲག་ཧེ་མའི་ནང་དང་ གཞན་༦ གིས་ འཁྲུན་ཆོད་བཏོན་པའི་ཉིནམ་ལུ་ར་ མཐོ་གཏུགས་འབད་ནི་གི་ ཞུ་ཡིག་བཙུགས་ཡོདཔ་ད་ འཐུས་མི་ཚུ་གིས་ རང་སོའི་འགན་ཁུར་ཚུལ་མཐུན་སྦེ་ མ་འབག་མི་ལུ་བརྟེན་ བཙོན་ཁྲིམས་ལོ་རེ་ཕོག་ཡོད་པའི་གནས་ཚུལ། 
                                                                                                         བདེ་ཆེན་ཚེ་རིང་དང་ རིག་འཛིན་དབང་ཕྱུག།


No comments:

Post a Comment