གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྷུ་ཊཱན་ཀུན་མཉམ་པར་ཊ་གིས་ འདེམས་ངོ་༦ གི་ ངོ་སྤྲོད་འབད་ཡོདཔ།

༨/༣/༢༠༡༣   ༉ ཁ་ཙ་ བྷུ་ཊཱན་ཀུན་མཉམ་པར་ཊི་གིས་ འདེམས་ཁོངས་༦ གི་འདེམས་ངོ་ཚུ་ གཏན་འཁེལ་བཟོ་སྟེ་ ངོ་སྤྲོད་འབད་མི་ཚུ་རྩིསཝ་ད་ ད་ཚུན་གྱི་རིང་ འདེམས་ངོ་བསྡོམས་༢༤ ཐོན་ཡོདཔ་ཨིན་པས།
དེ་ཡང་ འདེམས་ངོ་ཚུ་གི་གྲས་ལས་ ནགས་ཚལ་དང་སོ་ནམ་ལྷན་ཁག་ནང་ ལོ་ངོ་༣༢ དེ་ཅིག་ ཕྱག་ཞུ་མི་ བཱད་རི་ ཨེན་ བྷ་ཊ་རའི་དེ་ ཚོགས་པའི་འདེམས་ངོ་ཚུ་གི་ནང་ལས་ རྒས་ཤོས་ཅིག་ཨིན་མས།



སོ་ནམ་གོང་འཕེལ་ཤེས་ཡོན་ནང་ གཙུག་ལག་ཤེས་ཚད་ཡོད་མི་ སྐྱེས་ལོ་༥༤ ལང་མི་ བྷ་ཊ་རའི་གིས་ བསམ་རྩེ་ཨོ་རྒྱན་རྩེ་དང་ འོད་གསལ་རྩེ་གི་ འདེམས་ངོ་སྦེ་ འཐོན་ནི་ཨིནམ་བཞིན་དུ་ ཁོ་གིས་ སླབ་མིའི་ནང་ ཞི་གཡོག་ནང་ ལོ་ངོ་མང་རབས་ཅིག་ ཕྱག་ཞུ་བའི་ཤུལ་ལུ་ དགོངས་ཞུ་འབད་དེ་ ཁོ་རའི་ ལྕོགས་གྲུབ་དང་ རིག་རྩལ་ཐོག་ལས་ གཡུས་ཁ་ལུ་ སོ་ནམ་གོང་འཕེལ་གཏང་སྟེ་ སྡོད་ནིའི་དང་འདོད་བསྐྱེད་ཡི་ཟེར་ཨིན་པས།
དེ་འབདཝ་ད་ ཤུལ་ལས་ སྲིད་ཚོགས་ཚུ་གིས་ ཁོ་ལུ་ འདེམས་ངོ་འཐོན་དགོ་པའི་ དང་འདོད་བཀོད་ཞིནམ་ལས་ སྲིད་དོན་ནང་འབྲེལ་གཏོགས་འབད་བ་ཅིན་ རྒྱལ་ཁབ་ལུ་ ད་རུང་ འཕྲོ་མཐུད་དེ་ ཕྱག་ཞུ་ཚུགས་པའི་འོས་འབབ་ཡོདཔ་ལས་ འབྲེལ་གཏོགས་འབད་ཡི་ཟེར་ བཤདཔ་ཨིན་པས།
བསམ་རྩེ་རྗོང་ཁག་གི་ སིབ་སུ་འདེམས་ཁོངས་ལས་ འདེམས་ངོ་ཅིག་ སྐྱེས་ལོ་༤༠ ལང་མི་ དིལ་མ་ཡ་ རའེ་ཨིནམ་ད་ མོ་གིས་ གོང་འཕེལ་འཛིན་སྐྱོང་ནང་ གཙུག་ལག་ཤེས་ཚད་ མཐར་འཁྱོལ་ཞིནམ་ལས་ ས་གནས་གཞུང་སྐྱོང་དང་ གྲོང་གསེབ་གོང་འཕེལ་དང་འབྲེལ་བའི་ སྒེར་གྱི་གྲོས་སྟོན་ལས་སྡེ་ཅིག་ ལག་ལེན་འཐབ་སྟེ་ སྡོད་ཡོདཔ་ཨིན་པས།
མོ་གིས་གཙོ་བོ་ར་ གནད་དོན་ཅིག་ ཨམ་སྲུའི་འབྲེལ་གཏོགས་ རྒྱ་བསྐྱེད་གཏང་ཐབས་ལུ་ བཅའ་མར་གཏོགསཔ་ཨིན་ཟེར་ཨིནམ་ད་  མ་གཞི་ ཧེ་མའི་ སྲིད་ཚོགས་གཞན་ཅིག་ནང་ འབྲེལ་གཏོགས་འབད་དེ་ འཐུས་མིའི་གྲས་ཁར་ བཅའ་མར་གཏོགས་ཡོདཔ་ཨིན་རུང་ ཤུལ་ལས་ མོ་རའི་དང་འདོད་དང་ རེ་བ་ལུ་ འགྱུར་བ་སོང་བའི་ཁར་ ཀུན་མཉམ་གྱི་ལྟ་བ་དང་ གཞི་རྩ་ཚུ་ལུ་ ཡིད་ཆེས་བསྐྱེད་མི་ལུ་བརྟེན་ ཚོགས་པ་དེ་ནང་ལས་ དགོངས་ཞུ་འབད་དེ་ ཀུན་མཉམ་པར་ཊི་ནང་ འབྲེལ་གཏོགས་འབད་ཡི་ཟེར་བཤད་ཅི།
སྤ་རོ་རྫོང་ཁག་ ལམ་གོང་དང་ ཝང་ལྕང་འདེམས་ཁོངས་ནང་ལས་ ཚོགས་པའི་འདེམས་ངོ་དེ་ སྐྱེས་ལོ་༤༧ ལང་མི་ བསོད་ནམས་སྟོབས་རྒྱས་ཨིནམ་ད་ ཁོ་གིས་ ལྟ་བཤལ་ནང་ གཙུག་ལག་ཤེས་ཚད་མཐར་འཁྱོལ་གྱི་ ལག་ཁྱེར་ཡོདཔ་ད་ ལོ་ངོ་༢༧ གྱི་རིང་ ལྟ་བཤལ་དང་ ཞབས་ཏོག་ལས་སྡེའི་ སྒེར་གྱི་ཚོང་ལས་ འཐབ་སྡོད་མི་ཅིག་ཨིན་པས།
དེ་ལས་ མོང་སྒར་རྫོང་ཁག་གི་ མོང་སྒར་འདེམས་ཁོངས་ནང་ལས་ ཚོགས་པའི་འདེམས་ངོ་དེ་ སྐྱེས་ལོ་༤༣ ལང་མི་ པདྨ་དབང་འདུས་ཨིན་པས།
ཁོ་གིས་ ཚོང་འབྲེལ་འཛིན་སྐྱོང་ནང་ གཙུག་ལག་ཤེས་ཚད་མཐར་འཁྱོལ་བྱུང་ཡོདཔ་ད་ འདས་པའི་ལོ་ངོ་༡༥ དེ་ཅིག་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ནང་ དངུལ་རྩིས་དང་ཚོང་རིག་སྡེ་ཚན་གྱི་ གཙོ་འཛིན་ཐོག་ ལེགས་སྦྱར་བ་འབད་སྡོད་པའི་ཤུལ་ལུ་ ལོ་༣ དེ་ཅིག་ རང་བཞིན་སླར་འབྱུང་འཐོན་སྐྱེད་གོང་འཕེལ་ལས་འཛིན་ནང་ ཡོངས་ཁྱབ་འཛིན་སྐྱོང་པ་སྦེ་ སྡོད་པའི་ཤུལ་ སྲིད་དོན་ནང་འབྲེལ་གཏོགས་ཀྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ དགོངས་ཞུ་འབད་ཡོདཔ་ཨིན་པས།
ཁ་ཙ་ ཚོགས་པ་དེ་གིས་ ངོ་སྤྲོད་འབད་མི་ འདེམས་ངོ་ཚུ་གི་གྲས་ལས་ གཞོན་ཤོས་༢ ཡོད་པའི་ནང་ལས་ ཧཱ་རྫོང་ཁག་གི་ སྦྱིས་དཀར་འཚོ་དང་ གཡུས་སུ་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་དེ་ འདས་པའི་ལོ་དག་པ་ཅིག་ ཁག་འབག་སློབ་སྟོན་པའི་ ཕྱག་ཞུ་མི་ སྐྱེས་ལོ་༢༨ ལང་མི་ རྣམ་རྒྱལ་ལྷ་མོ་དང་ ཀྲོང་གསར་བྲག་སྟེང་གླང་མཐིལ་འདེམས་ཁོངས་ནང་ལས་ ལྟ་བཤལ་ལམ་སྟོན་པ་དང་ ཁག་འབག་སློབ་དཔོན་ཨིན་མི་ སྐྱེས་ལོ་༢༧ ལང་མི་ ཀརྨ་དགེ་ལེགས་ཨིན་པས།
ཁོང་༢ ཆ་ར་གིས་ སྲིད་དོན་གྱི་ ཉམས་མྱོང་ལེན་ཐོག་ལས་ སྤྱིར་རྒྱལ་ཁབ་ཀྱི་ མཐའ་དོན་འགྲུབ་ནི་དང་ ལྷག་པར་དུ་ མི་སྡེ་ལུ་ཕན་ཐོགས་ཆེ་བའི་ལས་སྣ་ཚུ་ འབད་ནིའི་དོན་ལས་ སྲིད་དོན་ནང་ འབྲེལ་གཏོགས་འབད་འབདཝ་ཨིན་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment