གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཐུས་མི་༦ གིས་ མཐོ་གཏུགས་ཀྱི་དོན་ལུ་ ཞུ་ཡིག་བཙུགས་ཡོདཔ།

༡༢/༣/༢༠༡༣   ཚོགས་དཔོན་དང་ ནང་སྲིད་བློན་པོ་ དེ་ལས་ འཐུས་མི་གཞན་༧ གྱིས་ ཐག་མ་བཅད་པར་ཡོདཔ་ཨིན་པས།
༉ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་ནང་ ཁྲི་འཛིན་༢ ཚོགས་ཆུང་གི་ འཐུས་མི་༡༤ ལུ་ བཙོན་ཁྲིམས་བཀལ་མིའི་གྲས་ལས་ འཐུས་མི་༦ གིས་ འཁྲུན་ཆོད་བཏོན་པའི་ ཉིནམ་ལུ་ར་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ནིའི་དོན་ལུ་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།


མཐོ་གཏུགས་ཀྱི་ ཞུ་ཡིག་བཙུགས་མི་ འཐུས་མི་༦ པོ་དེ་ཡང་ ཤེས་རིག་འགོ་དཔོན་འོག་མ་བགྲེསཔ་ སངས་རྒྱས་རྡོ་རྗེ་དང་ ཤེས་རིག་འགོ་དཔོན་བགྲེསཔ་ དཔལ་ལྡན་ནོར་རྒྱས་ བཟོ་རིག་བཀོད་ཁྱབ་འགོ་དཔོན་ བཀྲིས་ནོར་བུ་ཤེར་པ་ རྫོང་ཁག་ནགས་ཚལ་འགོ་དཔོན་བགྲེསཔ་ རིན་ཆེན་དབང་འདུས་ དེ་ལས་ སོ་ནམ་འགོ་དཔོན་བགྲེསཔ་ རྟ་མགྲིན་རྡོ་རྗེ་དང་ ས་ཁྲམ་འགོ་དཔོན་ ཀུན་ལེགས་རྡོ་རྗེ་ཚུ་ཨིནམ་ད་ ཁོང་ཆ་ཁྱབ་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་ རྫོང་བདག་སྦེ་ བཞུགས་པའི་སྐབས་ལུ་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་ཨིན་པས།
འཐུས་མི་ཚུ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ རྫོང་ཁག་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་མི་དེ་ཡང་ ཁོང་གིས་ ངན་ལྷད་ཀྱི་ ལཱ་སྤུ་ཙམ་ཅིག་ཡང་ འབད་འབདཝ་མེད་རུང་ ཚོགས་ཆུང་གི་ ཁྲི་འཛིན་དང་ འདྲན་འདྲ་སྦེ་ བཙོན་ཁྲིམས་ལོ་རེ་ བཀལ་མི་ལུ་བརྟེན་ ཁོང་ལུ་ དྲང་ཁྲིམས་མ་ཐོབ་ནི་དེ་གིས་ མཐོ་གཏུགས་འབདཝ་ཨིན་ཟེར་ཨིན་པས།
རྫོང་ཁག་སྒོ་ནོར་འགོ་དཔོན་ རྡོ་རྗེ་དབང་ཕྱུག་གིས་ སླབ་མི་དང་འཁྲིལཝ་ད་ ཁོ་གི་ གཞུང་ལུ་ ལོ་ངོ་བཅུ་ཕྲག་༢ ལྷགཔ་ཅིག་གི་རིང་ དམ་ཚིག་དཔང་བཙུགས་ཐོག་ལས་ ཕྱག་ཞུ་ཡོད་རུང་ ངན་ལྷད་ཀྱི་ ཉེས་པ་ལུ་བརྟེན་ བཙོན་ཁྲིམས་ལོ་༡ འབག་དགོཔ་མ་ཚད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཐོབ་ཁུངས་ག་ནི་ཡང་མེད་པར་ གཡོག་ནང་ལས་ བཏོན་གཏང་ནི་ཨིན་པ་ཅིན་ ལཱ་ངན་མ་འབད་མི་ལུ་ འབད་ནུག་ཟེར་ ཉེས་པ་བཀལ་མི་དེ་ རྩ་ལས་ར་ མ་བཏུབ་ཟེར་ཨིན་པས།
དཔལ་ལྡན་ནོར་རྒྱས་ཀྱིས་ སླབ་མིའི་ནང་ ཁོ་གིས་ཡང་ ངན་ལྷད་ཀྱི་ལཱ་ རྩ་ལས་འབད་འབདཝ་མེད་རུང་ ཁྲིམས་འདུན་གྱིས་  ཁོ་ལུ་ བཙོན་ཁྲིམས་ལོ་༡ བཀལ་མི་དེ་ ཁེ་རྒུད་མ་བཏུབ་ཟེར་ཨིནམ་ད་ མཛུབ་མོ་དེ་ མི་གཞན་ལུ་ དཔག་པའི་སྐབས་ ལཱ་འཇམ་དོ་ཡོད་རུང་ རང་ལུ་ཕོག་པའི་སྐབས་ལུ་ མནོ་མ་ཚུགས་པའི་ སྡུག་བསྔལ་མྱོང་ནི་ཡོད་ཟེར་ སླབ་ཨིན་པས།
འདི་འབདཝ་ལས་ ཉེས་པ་མེད་པའི་མི་ལུ་ ཉེས་པ་བཀལ་མི་ལུ་བརྟེན་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་མ་འབད་བར་ བྱ་ཐབས་མེདཔ་ཡར་སོང་ཡི་ཟེར་ དཔལ་ལྡན་ནོར་རྒྱས་ཀྱིས་ བཤདཔ་ཨིན་པས།
རྫོང་ཁག་ནགས་ཚལ་འགོ་དཔོན་བགྲེསཔ་ རིན་ཆེན་དབང་འདུས་ཀྱིས་འབད་བ་ཅིན་ ཁོ་གིས་ ད་ལྟོ་ཚུན་ གཞུང་གཡོག་ནང་ ཕྱག་ཞུ་སྟེ་ ལོ་ངོ་༣༤ དེ་ཅིག་ སོང་ཡོདཔ་ལས་ གཞུང་གི་ཁྲིམས་ཡིག་དང་ ལམ་ལུགས་ཚུ་ལས་འགལ་བའི་ ལཱ་འབད་འབདཝ་མེད་རུང་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་སྦེ་ ཚུད་ཡོདཔ་ལས་ ཉེས་པ་མེད་རུང་ ཉེས་པ་ཡོད་པའི་དབང་ལུ་ ཉེས་ཁྲིམས་སྨིན་དགོ་པའི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགསཔ་ལས་ མཐོ་གཏུགས་འབད་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།
ད་རུང་ རྫོང་ཁག་གསོ་བའི་འགོ་དཔོན་ ཁི་ན་མ་ཡ་གིས་ སླབ་མིའི་ནང་ མོ་གིས་ ལོ་ངོ་༢༧ གྱི་རིང་ རྩ་བ་གསུམ་ལུ་ དཀོན་མཆོག་དཔང་ལུ་བཙུགས་ཏེ་ ལཱ་འབད་བའི་མཐའ་མར་ ལཱ་ཚུལ་མཐུན་མ་འབད་བས་ཟེར་ བཙོན་ཁྲིམས་བཀལ་མི་ལུ་ མནོ་བསམ་ར་ བཏང་མ་ཚུགསཔ་ལས་ གསལ་ཞུ་འབད་ནི་གི་ གོ་སྐབས་ཐོབ་པ་ཅིན་ མཐར་ཐུག་གི་ དབང་འཛིན་ཚུན་ཚོད་ མཐོ་གཏུགས་འབད་ནི་ཟེར་ཨིན་པས།
ཚོགས་ཆུང་གི་ འཐུས་མི་ཨིན་མི་ མོང་སྒར་གྱི་ ཚོང་པའི་སྤྱི་མི་བགྲེསཔ་ གནམ་སྒང་ལ་གིས་འབད་བ་ཅིན་ ཁྲི་འཛིན་དང་ འཐུས་མི་ཚུ་ལུ་ དབྱེ་བ་མེདཔ་སྦེ་ བཙོན་ཁྲིམས་ལོ་༡ རེ་ བཀལ་མི་ལུ་བརྟེན་ ཁེ་རྒུད་མ་བཏུབ་ལས་ ནང་སྲིད་བློན་པོ་གིས་ མཐོ་གཏུགས་འབད་བ་ཅིན་ ཁོ་གིས་ཡང་ མཐོ་གཏུགས་འབད་འོང་ཟེར་ཨིན་པས།
དེ་འབདཝ་ད་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་དང་ ནང་སྲིད་བློན་པོ་༢ ཀྱིས་ ད་ལྟོ་ འཁྲུན་ཆོད་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ལས་ མཐོ་གཏུགས་འབད་མི་འབད་ཀྱི་སྐོར་ལས་ ག་ནི་ཡང་ སླབ་མི་ཚུགས་པས་ཟེར་ བཤདཔ་ཨིན་པས།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ཁྲིམས་གཞུང་ཆེན་མོ་ན་༡-༢ པའི་ དགོངས་དོན་ཚུ་ལས་འགལ་ཏེ་ ཐོབ་ལམ་མེད་པའི་ མི་ངོ་༢༣ ལུ་ ས་ཆ་བགོ་སྤྲོད་འབད་ཡོད་པའི་ ཉེས་པ་ལུ་བརྟེན་ བཙོན་ཁྲིམས་ལོ་༢ དང་ཟླཝ་༦ ཕོག་ཡོདཔ་ད་ ནང་སྲིད་བློན་པོ་གིས་ གྲྭ་ཚང་༢ དང་ ཨམ་སྲུ་༡ ལུ་ ས་ཆ་སྤྲོད་པའི་ ཉེས་ཁྲིམས་ལོ་༡ ཕོག་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment