གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༥ འི་ ངོ་སྤྲོད་འབད་ཡོདཔ།

༢/༣/༢༠༡༣   ༉ མི་སེར་དམངས་གཙོ་ཚོགས་པ་གིས་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུའི་ནང་ རྒྱལ་ཁ་མ་ཐོབ་སྟེ་འབད་རུང་ མི་སེར་བརྒྱ་ཆ་༣༣ གྱིས་ རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ ལོ་༥ འི་ སྲིད་ཚོགས་ཀྱི་གནས་ཡུན་རིང་ ཚོགས་པ་ལུ་ རྒྱབ་སྐྱོར་འབད་མིའི་གནས་ཚད་དེ་ ལྷག་པར་དུ་ ཡར་སེང་ཐོག་ སྒྲིང་སྒྲིང་སོང་ཡོདཔ་ཨིན་པས།


དེ་བཟུམ་སྦེ་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ད་རེས་ཀྱི་གནས་སྟངས་ནང་ རྒྱལ་ཁབ་མཐའ་དབུས་མེད་པར་ ག་ཏེ་ཡང་ མི་སེར་དམངས་གཙོ་ཚོགས་པ་གིས་ ཁྱབ་སྟེ་ཡོདཔ་མ་ཚད་ ས་གནས་ཀྱི་ གནས་ཚད་ནང་འབད་རུང་ ཚོགས་པ་ལུ་ རྒྱབ་སྐྱོར་འབད་མིའི་ གནས་སྟངས་དེ་ ལེ་ཤ་གིས་ ཡར་སེང་སོང་སྟེ་ཡོད་ཟེར་ཨིན་པས།
མགར་ས་དགོན་ཁ་སྟོད་ཀྱི་འདེམས་ངོ་ དམ་ཆོས་རྡོ་རྗེ་གིས་ སླབ་མིའི་ནང་ བཙག་འཐུ་གྲུབ་པའི་ཤུལ་ལུ་ ཚོགས་པ་༢ ཆ་ར་གིས་ བཙག་འཐུའི་སྐབས་ ཟད་འགྲོ་རྒྱ་ཆེ་དྲགས་སྦེ་ བཏང་མི་ལུ་བརྟེན་ བུ་ལོན་ལེ་ཤ་བཏབ་དགོཔ་ཐོན་ཏེ་ དཀའ་ངལ་བྱུང་མི་དེ་གིས་ དམངས་གཙོ་ཚོགས་པ་ལུ་ ལུང་ཕྱོགས་དང་ རྫོང་ཁག་ཡིག་ཚང་ཚུ་ རྒྱུན་སྐྱོང་འབད་ནིའི་ནང་ དཀའ་ངལ་སྦོམ་བྱུང་ཡི་ཟེར་ཨིན་པས།
ཨིན་རུང་ ཚོགས་པའི་འཐུས་མི་དང་ འདེམས་ངོ་ དེ་ལས་ རྒྱབ་སྐྱོར་འབད་མི་ཚུ་གིས་ བུ་ལོན་ཚུ་བཏབ་སྟེ་ དཀའ་ངལ་གྱི་གནས་སྟངས་ བསལ་ཐོག་ལས་ ཚོགས་པ་དེ་ ཧེ་མ་བ་ཡང་ སྒྲིང་སྒྲིང་འགྱོ་དོ་ཟེར་བཤད་ཅི།
མི་སེར་དམངས་གཙོ་ཚོགས་པའི་གནས་སྟངས་ དེ་སྦེ་ སྒྲིང་སྒྲིང་འགྱོ་མི་དང་བསྟུན་ ད་ཚུན་གྱི་རིང་ ཚོགས་པའི་འདེམས་ངོ་༤༠ དེ་ཅིག་ གཏན་འཁེལ་སོང་ཡོད་མི་ལས་ ཁ་ཙ་ ཐེངས་དང་པའི་ནང་ འདེམས་ངོ་༢༥ ངོ་སྤྲོད་འབད་ཡོད་པའི་གྲས་ལས་ འདེམས་ངོ་༡༣ སྤྱི་ལོ་༢༠༠༨ ལུ་ དོ་འགྲན་འབད་མི་ཚུ་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ སླབ་མིའི་ནང་ ཧེ་མའི་ ཚོགས་པའི་འདེམས་ངོ་ཚུ་གི་གྲས་ལས་ སྲོད་དོན་ནང་ བཅའ་མར་མི་གཏོགས་ཟེར་ སྲིད་དོན་ལས་ དགོངས་ཞུ་འབད་མི་དང་ སྲིད་ཚོགས་གསརཔ་ གཞི་བཙུགས་འབད་མི་ཚུ་མ་གཏོགས་ དེ་མིན་ ཚོགས་པའི་ ཧེ་མའི་ འདེམས་ངོ་ཚུ་ག་ར་ལུ་ ཚོགས་པའི་ཁ་ཐུག་ལས་ གཙོ་རིམ་བྱིན་ཐོག་ལས་ གོ་སྐབས་སྤྲོདཔ་ཨིན་ཟེར་ཨིན་པས།
དེ་ཡང་ ཚོགས་པའི་སྲིད་བྱུས་ནང་ར་ ཚོགས་པ་ནང་འཁོད་ལུ་ ཐ་དམ་ཚིག་བཞག་ནིའི་དོན་ལུ་ འདེམས་ངོ་རྙིངམ་བ་ལྷག་པའི་ ལྕོགས་གྲུབ་ཅན་ཚུ་ ཐོབ་སྟེ་འབད་རུང་ འདེམས་ངོ་རྙིངམ་ཚུ་གིས་ རང་དོན་བློས་བཏང་ཐོག་ལས་ ཚོགས་པ་ལུ་ ཡིད་ཆེས་དང་དང་འདོད་བསྐྱེད་དེ་ རྒྱབ་སྐྱོར་འབད་ཡོདཔ་ལས་ གཙོ་རིམ་དེ་ འདེམས་ངོ་རྙིངམ་ཚུ་ལུ་ བྱིན་དགོཔ་སྦེ་ ཨིན་ཟེར་བཤད་ཅི།
ད་རེས་ འདེམས་ངོ་ཚུ་གི་གྲས་ཁར་ མང་ཤོས་ར་ སྒེར་གྱི་ཚོང་ལཱ་འབད་མི་ཚུ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ཀྱི་ སྒེར་སྡེ་གོང་འཕེལ་ ལེགས་འགྱུར་གཏང་ཐབས་ལུ་ དམིགས་ཏེ་ཨིན་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཤད་པའི་ཁར་ འདེམས་ངོ་ཚུ་གི་གྲས་ཁར་ ན་ཚོད་དང་ རྒྱབ་ཁུངས་ ཤེས་ཡོན་ དེ་ལས་ ཁྱད་ཡོན་ག་ཅིའི་ཐད་ལས་ཡང་ མ་འདྲཝ་སྦེ་ཡོད་ཟེར་ཨིན་པས།
ད་རུང་ ཤུལ་མའི་ ཤོ་ཐེངས་ཚུ་ནང་ འདེམས་ངོ་ལྷག་ལུས་ཚུ་ཡང་ གསལ་སྟོན་འབད་ནི་དང་ དེ་ནང་ཡང་ ཧེ་མའི་ འདེམས་ངོ་རྙིངམ་ཚུ་ཡང་ ཡོདཔ་མ་ཚད་ ད་རུང་ ཚོགས་པའི་གདམ་ངོ་ གཏན་འཁེལ་སོང་རུང་ ལ་ལུ་ཅིག་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་བའི་བསྒང་ཡོདཔ་ད་ ལ་ལུ་ཅིག་ དགོངས་ཞུ་ཡི་གུ་ བཙུགས་མ་ཚུགས་པར་ཡོད་མི་ཚུ་ ད་རེས་ ངོ་སྤྲོད་འབད་མ་ཚུགས་ཟེར་བཤད་ཅི།
ཚོགས་པ་གིས་ འདས་པའི་བཙག་འཐུ་ནང་ རྒྱལ་ཁ་ཐོབ་མ་ཚུགས་མི་དེ་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་འབད་བ་ཅིན་ ཚོགས་པའི་ཁ་ཐུག་ལས་ ནོར་འཁྲུལ་བྱུང་བྱུངམ་དང་ ཡང་ཅིན་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ འཛོལ་བ་བྱུང་བྱུངམ་ འོང་ནི་མས་ཟེར་ཨིན་པས།
དུས་ཅི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ སེམས་ཀྱི་གདིང་ལས་ར་ རྒྱལ་ཁབ་ལུ་ ཤ་ཚའི་ཐོག་ལས་ ཧེ་མ་དང་ ཅོག་འཐདཔ་སྦེ་ར་ ཚོགས་རྒྱན་བཙུགས་རུང་ ཧེ་མ་བ་ལྷག་པའི་ ཉམས་མྱོང་དང་ ཤེས་ཡོན་རྒྱ་བསྐྱེད་ཐོག་ལས་ ཚོགས་རྒྱན་བཙུགས་པའི་ འོས་འབབ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment