གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་དཔོན་ལུ་ བཙོན་ཁྲིམས་ལོ་ཕྱེད་དང་༣ དང་ ནང་སྲིད་བློན་པོ་ལུ་ ལོ་༡ བཀལ་ཡོདཔ།

༩/༣/༢༠༡༣   ཨིན་རུང་ རྩོད་ཟླ་ཚུ་གིས་ ཉིན་གྲངས་༡༠ གྱི་ ནང་འཁོད་ལུ་ ཁྲིམས་འཐུས་བཏབ་ཆོག་ནི།
མོང་སྒར་ཁྲིམས་འདུན་གྱི་དྲང་དཔོན་ མགོན་པོ་རྡོ་རྗེ་གིས་ འཁྲུན་ཆོད་བཏོན་ཚར་བའི་ཤུལ་ལུ་ ཁྲིམས་འདུན་ནང་ལས་ ཐོན་འགྱོ་བའི་བསྒང་།
༉ ཁ་ཙ་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་ཚུལ་མིན་གྱི་ཐོག་ལས་ བགོ་བཀྲམ་འབད་མི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ནང་སྲིད་བློན་པོ་ དེ་ལས་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ དྲུང་ཆེན་བགྲེསཔ་ལུ་ བཙོན་ཁྲིམས་ལོ་༡ ལས་ལོ་ཕྱེད་དང་གསུམ་བཀལ་ཡོདཔ་ད་ རྩོད་ཟླ་ག་ར་གིས་ ཁྲིམས་འཐུས་བཙུགས་ནི་གི་ རེ་བ་ཡོད་པ་ཅིན་ འཁྲུན་ཆོད་བཏོན་པའི་ཉིནམ་ལས་ ཉིན་གྲངས་༡༠ གྱི་ ནང་འཁོད་ལུ་ བཙུགས་ཆོག་ནི་ཨིན་པས།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས།
དེ་ཡང་ ཉེས་འཛུགས་ཅན་ ཚོགས་དཔོན་ལུ་ ཉེས་འཛུགས་ཁག་༢༣ གྱི་བཙོན་ཁྲིམས་ ལོ་༢ དང་ཟླཝ་༦ བཀལ་མི་དེ་ འཁྲུན་ཆོད་བཏང་པའི་ ཚེས་གྲངས་ལས་ ཉིནམ་༡༠ གྱི་ ནང་འཁོད་ལུ་ ཁྲིམས་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་ཡོདཔ་ད་ ཁྲིམས་འཐུས་དེ་ ཟླཝ་༣༠ ལུ་ རྒྱལ་ཡོངས་ལས་མིའི་ གླ་ཆ་རྩིས་རྐྱབ་ད་ དངུལ་ཀྲམ་༩༠,༠༠༠ ཕོག་ནི་ཨིན་པས།
ཤོག་གྲངས་༥༡༡ འབད་མི་ འཁྲུན་ཆོད་ནང་ ཚོགས་དཔོན་གྱིས་ སྤྱི་ལོ་༡༩༩༩-༢༠༠༢ ལུ་ མོང་སྒར་རྫོང་བདག་དང་ རྒྱལ་པོའ་ཞིང་ཁྲོམ་ས་བགོ་བཀྲམ་གྱི་ ཁྲི་འཛིན་སྦེ་ བཞུགས་པའི་སྐབས་ལུ་ ཁོ་རའི་གཡོགམོ་རྩིས་ཏེ་ མི་གྲངས་༢༣ ལུ་ ཚུལ་མིན་ཐོག་ལས་ ས་ཆ་བདག་དབང་གི་ ཆ་འཇོག་ལག་ཁྱེར་སྤྲོད་ནུག་ཟེར་བཀོད་ནུག།
ཐོབ་ལམ་མེད་པའི་ ས་ཆ་བགོ་བཀྲམ་འབད་མིའི་གྲངས་སུ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་ དེ་ལས་ ཆེ་རིམ་ཅན་གྱི་ བཟའ་ཟླ་དང་ ཉེ་ཚན་ཚུ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ཚོགས་དཔོན་གྱིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་སྤྲོདཔ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༡༩༨༧ ཟླཝ་༣ པའི་ཚེས་༣༡ ལུ་ ས་ཆའི་ཁྱད་ཚད་དང་ ལམ་སྟོན་གནང་མི་ བཀའ་རྒྱ་དེ་ སྣང་མེད་རྒྱབ་སྐྱུར་བཞག་ཡོད་པའི་ཁར་ ཞབས་ཏོག་ལྷན་ཁག་གིས་ གཞུང་ལས་གནང་བ་མ་གནང་ཚུན་ རྫོང་ཁག་ནང་ ས་སྤྲོད་ནི་དང་ ཐོ་བཀོད་འབད་ནི་ཚུ་ག་ར་ ཕར་ཕུད་རྐྱབ་བཞག་དགོ་པའི་ ཁྱབ་བསྒྲགས་ལུ་ཡང་ མ་གནས་པས་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
ཁྲིམས་འདུན་གྱིས་ དབྱེ་ཞིབ་འབདཝ་ད་ རྩོད་ཟླ་གིས་ ས་ཆ་ལ་ལུ་ཅིག་ ཀུར་རི་ཆུ་གློག་མེ་ལས་འགུལ་གྱི་དོན་ལུ་ མཁོ་སྒྲུབ་མ་འབད་བའི་ གཞུང་ས་ནང་ལས་ཡང་ སྤྲོད་ཡོདཔ་མ་ཚད་ གཞུང་གིས་ ཆ་འཇོག་གནང་ཡོད་པའི་ ཚད་གཞི་དང་ ལམ་སྟོན་ཚུ་དང་འཁྲིལ་ ས་ཆ་བགོ་བཀྲམ་འབད་མི་ཚུ་ཡང་ སའི་རྒྱ་ཚད་ཆུང་ཀུ་དང་ ལ་ལུ་ཅིག་ལུ་ རྒྱ་ཚད་སྦོམ་སྦེ་སྤྲོད་དེ་ གཅིག་མཚུངས་མེད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ཚོགས་དཔོན་གྱིས་ རྫོང་བདག་སྦེ་བཞུགསཔ་ད་ རྒྱལ་པོའི་ཞིང་གི་ས་ཆ་ གོ་རིམ་དང་པ་ སྤྱི་ལོ་༡༩༩༩ ཟླཝ་༢ པའི་ཚེས་༢༡ ལུ་ བགོ་བཀྲམ་འབད་བའི་སྐབས་ ཚོང་འབྲེལ་ས་ཆ་༡༩ བགོ་སྤྲོད་འབད་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༡ ཟླཝ་༦ པའི་ཚེས་༡ ལུ་ ཚོང་འབྲེལ་ས་ཆའི་དོན་ལུ་ ཞུ་ཡིག་བཙུགས་མི་༤༣ ཡོད་ས་ལས་ མི་ངོ་༢༦ ལུ་ བགོ་བཀྲམ་འབད་ཡོད་པའི་ཁར་ ཁྱིམ་སའི་དོན་ལུ་ ཞུ་ཡིག་བཙུགས་མི་༨༩ ལས་ མི་ངོ་༤༡ ལུ་ ཁྱིམ་ས་བགོ་བཀྲམ་འབད་ཡོདཔ་ད་ སྤྱི་ལོ་༢༠༠༢ ཟླཝ་༣ པའི་ཚེས་༡ ལུ་ ཁྲོམ་ས་༧ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ཚོང་འབྲེལ་ས་ཁོངས་ནང་ ཞུ་ཡིག་བཙུགས་མི་རེ་ལུ་ སྤྱིར་བཏང་ཚད་གཞི་དེ་ ཌིསི་༧.༢༦ ཨིན་རུང་ རྩོད་ཟླ་གིས་ ལ་ལུ་ཅིག་ལུ་ ཁྲོམ་ས་ཌིསི་༡༤.༥༧ དང་ ཁྱིམ་ས་ཌིསི་༡༠.༦༧ དང་༥༠ གི་བར་ན་ བགོ་སྤྲོད་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༡ ཟླཝ་༦ པའི་ཚེས་༡ ལུ་ བགོ་བཀྲམ་འབད་མི་ ཁྲོམ་ས་དེ་ ཚོགས་ཆུང་གིས་ ཁ་རྗེའི་རྒྱན་ཤོག་འཐུ་ཐོག་ལས་ བགོ་སྤྲོད་འབད་ཡོད་རུང་ མི་ངོ་མང་ཤོས་ར་ རྫོང་ཁག་གི་ ཁྱབ་བསྒྲགས་སྤེལ་ཡོད་པའི་ དུས་ཚོད་ལུ་ ལྷོད་མ་ཚུགས་པར་ ལུས་ཡོདཔ་ལས་ ཐོ་དང་འཁྲིལ་བ་ཅིན་ ཁྱིམ་སའི་དོན་ལུ་ ཞུ་ཡིག་བཙུགས་མི་༩༠ ཡོད་མི་ལས་༦༧ མ་ལྷོད་པའི་ཁར་ མི་ངོ་༤ གི་རྒྱན་ཤོག་སྟོངམ་འཐུ་ཡོདཔ་ད་ མི་ངོ་༤ ལུ་ སྔོན་མངགས་འབད་བཞག་ཡོད་པའི་གུ་༡༥ ལུ་ ཁྱིམ་ས་བགོ་བཀྲམ་འབད་ཡོདཔ་བཞིན་དུ་ ཚོང་འབྲེལ་ས་ཆའི་དོན་ལུ་ ཞུ་ཡིག་བཙུགས་མི་༤༣ ཡོད་ས་ལས་༡༩ མ་ལྷོད་པས།
དེ་ཚུ་གི་གྲས་ལས་ མི་ངོ་༢༠ ལུ་ ས་ཆ་བགོ་བཀྲམ་འབད་ཡོད་རུང་ ཁ་རྗེའི་རྒྱན་ཤོག་འགོ་འདྲེན་འཐབ་སྟེ་ ས་ཆ་བགོ་བཀྲམ་འབད་བའི་སྐབས་ལུ་ རྩོད་ཟླ་ཁོ་ར་མེད་རུང་ ཤུལ་ལས་ ཁོ་གིས་ དབང་ཚད་ལོག་སྤྱོད་འབད་དེ་ བགོ་བཀྲམ་འབདཝ་ད་ མ་ལྷོད་མི་དང་ དབང་ཚད་ཅན་གྱི་ མི་ཚུ་ལུ་ ས་ཆ་རྒྱ་སྦོམ་སྦེ་ སྤྲོད་ཡོདཔ་ལས་ ཀུར་རི་ཆུ་གློག་མེ་ལས་འགུལ་ལུ་ ས་ཆ་ཤོར་མི་ཚུ་ ས་མ་ཐོབ་པར་ལུས་ཏེ་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དེ་ འདྲ་མཉམ་དང་ དྲང་བདེན་ཐོག་ མ་འབད་བས་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
དེ་མ་ཚད་ ཉེས་འཛུགས་ཅན་གྱིས་ ཁོ་རའི་བུ་གཞི་སྐྱེས་ལོ་༡༡ ལང་མི་དང་ ཁྱིམ་ནང་གཡོག་ལཱ་རྐྱབ་མི་ ཉི་མ་བཟང་མོའི་མིང་ཐོག་ཁར་ ས་ཆ་རྒྱ་ཚད་སྦོམ་སྦེ་སྤྲོད་ཡོད་མི་འདི་ མི་དབང་མངའ་བདག་རིན་པོ་ཆེ་ འབྲུག་རྒྱལ་བཞི་པ་མཆོག་གིས་ མ་འོངས་པ་ལུ་ མི་རློབས་ཡར་འཕར་འགྱོཝ་ད་ ས་ཆ་དཀོན་དྲགས་འགྱོ་ནི་ལུ་ ཐུགས་ཀྱི་ཚ་གྱང་བཞེས་ཏེ་ བཀའ་ཤོག་དང་ བཀའ་རྒྱ་མང་རབས་ཅིག་ གནང་ཡོདཔ་མ་ཚད་ ཞབས་ཏོག་ལྷན་ཁག་དང་ རྫོང་བདག་སྤྱི་ཁྱབ་བརྒྱུད་དེ་ ས་ཆ་སྤྲོད་ཐངས་ཀྱི་ ཁྱབ་བསྒྲགས་སྤེལ་ཡོད་རུང་ འདི་ཚུ་དང་མ་འཁྲིལ་བར་ མི་ངོ་༢༢ ལུ་ ཚུལ་མིན་ཐོག་ལས་ ས་ཆ་བདག་དབང་གི་ ཆ་འཇོག་ལག་ཁྱེར་སྤྲོད་ནུག་ཟེར་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ནང་བཀོད་ནུག།
ད་རུང་ རྩོད་ཟླ་གིས་ ཁོ་རའི་གཡོགམོ་ ཉི་མ་བཟང་མོའི་མིང་ཐོག་ ཞུ་ཡིག་གུ་ མིང་རྟགས་བཀོད་དེ་ མོ་ལུ་ ཤེས་རྟོགས་མེདཔ་སྦེ་ བཙུགས་ཡོདཔ་མ་ཚད་ རྒྱན་ཤོག་འཐུ་ནིའི་ནང་ཡང་ བཅའ་མར་གཏོགས་གཏོགསཔ་མེད་རུང་ ལ་མིན་གཡོ་སྒྱུ་ཐོག་ བདག་དབང་ཆ་འཇོག་ལག་ཁྱེར་ནང་ ས་འདི་ ཁྲོམ་ས་སྤྲོད་མི་ ཚོགས་ཆུང་གི་ འཐུས་མི་ཚུ་ ངོ་འཛོམས་ཐོག་ རྒྱན་ཤོག་འཐུ་ཞིནམ་ལས་ ཐོབ་ཡོདཔ་སྦེ་ བཟོ་བའི་ཁར་ སའི་རྒྱ་ཚད་ཕིཊ་གྲུ་བཞི་༤༦༤༨.༣༢ མེན་པར་ ཕིཊ་གྲུ་བཞི་༨༢༠༡.༧༦ སྤྲོད་ཡོད་པའི་ ངོས་འཛིན་བྱུང་ནུག།
དེ་འབདཝ་ལས་ རྩོད་ཟླ་གིས་ ཉི་མ་བཟང་མོའི་ མིང་ཐོག་ལུ་ ས་ཆ་སྤྲོད་མི་དེ་ སླར་ལོག་གཞུང་ལུ་ སོར་ཆུད་འབད་དགོ་པའི་ འཁྲུན་ཆོད་གནང་ཡི།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ཁོ་གི་འཁྲུན་ཆོད་དེ་ ཁོ་རའི་ལག་པར་ མ་ལྷོདཔ་ལས་ ད་ལྟོ་ བསམ་འཆར་ག་ནི་ཡང་ བཀོད་ནི་མེད་ཟེར་ སླབ་ཨིན་པས། 

ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ།
སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ མོང་སྒར་རྫོང་བདག་དང་ ས་བགོ་སྤྲོདཚོགས་ཆུང་གི་ ཁྲི་འཛིན་སྦེ་ བཞུགས་པའི་སྐབས་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་གིས་ དབང་ཆ་མེད་པའི་ཁར་ གཞུང་ཞབས་ལས་ ཆ་འཇོག་གནང་ཡོད་པའི་ ས་ཆ་སྤྲོད་ཐངས་ཀྱིུ་ ཚད་གཞི་དང་ བྱ་སྒོའི་ལམ་ལུགས་ཚུ་དང་མ་འཁྲིལ་བར་ བུམ་ཐང་མཁར་ཆུ་གྲྭ་ཚང་དང་ མོང་སྒར་དགྲ་མེད་རྩེ་གྲྭ་ཚང་ དེ་ལས་ ཀུར་རི་ཆུ་གློག་མེ་ལས་འགུལ་གྱི་ འགོ་དཔོན་ཅིག་གི་གནས་ཚང་ ཀུན་བཟང་སྒྲོལ་མ་ཚུ་ལུ་ ས་ཆ་སྤྲོད་ཡོདཔ་ལས་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་ཁྲིམས་ལོ་༡ ཕོག་མི་དེ་ བཙོན་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་ཡི།
ད་རུང་ ནང་སྲིད་བློན་པོ་གིས་ སྐུ་འཁོར་༢ ལུ་ཡང་ ས་ཆ་བགོ་བཀྲམ་འབད་ནུག།
འཁྲུན་ཆོད་ནང་ བཀོད་མི་དང་འཁྲིལཝ་ད་ རྒྱལ་པོའི་ཞིང་ལུ་ ཁྲོམ་ས་བགོ་བཀྲམ་འབདཝ་ད་ ཉེས་འཛུགས་ཅན་ བློན་པོ་མི་འགྱུར་རྡོ་རྗེ་གིས་ ཁྲོམ་ས་སྤྲོད་མི་ ཁྲོམ་སྡེ་ཚོགས་ཆུང་གི་ ཁྲི་འཛིན་གྱི་ འགན་ཁུར་འདི་ ཁྲིམས་ལུགས་དང་འཁྲིལ་ ཉེས་འགྱངས་ཕྱོགས་ལྷུང་མེད་པར་ རང་མོས་རྣམ་དག་གི་སྒོ་ལས་ མ་འབགཔ་མ་ཚད་ ཁྲོམ་ས་བགོ་བཀྲམ་འབད་ནིའི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ བཀའ་རྒྱ་ལྟར་ གཞུང་གིས་ ཆ་འཇོག་མཛད་མི་ ཚད་གཞི་དང་ ལམ་སྟོན་ཚུ་དང་ མ་འཁྲིལ་བའི་གུ་ ཞབས་ཏོག་ལྷན་ཁག་གི་ ཁ་ཐུག་ལས་ གཞུང་ལས་གནང་བ་མ་གནང་ཚུན་ ས་སྤྲོད་ནི་དང་ ཐོ་བཀོད་འབད་ནི་ཚུ་ ཕར་ཕུད་རྐྱབ་དགོ་པའི་ ཁྱབ་བསྒྲགས་ལུ་ཡང་ ཆ་གནས་མ་འབད་བས་ཟེར་ཨིན་པས།
དེ་མ་ཚད་ ཧེ་མ་ལས་ ས་ཆ་དགོ་འདོད་བསྐྱེད་མི་ ཞུ་ཡིག་ཕུལ་མི་༡༢༤ རྒྱབ་སྐྱུར་བཞག་སྟེ་ རྩོད་ཟླ་གིས་ ཤེས་བཞིན་མཐོང་བཞིན་ར་ ཚུལ་མིན་གྱི་ཐོག་ལས་ ཁྲོམ་སྡེ་ཚོགས་ཆུང་ཐེངས་༣༠ པའི་ནང་ མཁར་ཆུ་གྲྭ་ཚང་དང་ དགྲ་མེད་རྩེ་གྲྭ་ཚང་གཉིས་དང་ ཚོགས་ཐེངས་༣༤ པའི་ནང་ ཀུན་བཟང་སྒྲོལ་མ་ལུ་ སྤྲོད་ནུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
འཁྲུན་ཆོད་ནང་ ཉེས་འཛུགས་ཅན་གྱིས་ ཚུལ་མིན་ཐོག་ལས་ གྲྭ་ཚང་གཉིས་དང་ ཀུན་བཟང་སྒྲོལ་མ་ལུ་ ས་སྤྲོད་ཡོད་རུང་ ཁོ་ར་ལུ་ ཁེ་ཕན་ལྟག་སྤྲོད་མེད་པའི་ཁར་ ས་ཆའི་རྒྱ་ཚད་ཀྱི་ཐད་ལུ་ཡང་ ག་ར་གཅིག་མཚུངས་སྦེ་ སྤྲོད་ཡོདཔ་ལས་ བཙོན་ཁྲིམས་ལོ་༡ སྨིན་མི་དེ་ བློ་འདོད་དང་འཁྲིལ་ ཁྲིམས་འཐུས་བཏབ་ཆོག་ཟེར་བཀོད་ནུག།
མཁར་ཆུ་གྲྭ་ཚང་དང་ དགྲ་མེད་རྩེ་གྲྭ་ཚང་ལུ་ ས་ཆ་སྤྲོད་ཡོད་མི་དེ་ གཞུང་ལུ་ སོར་ཆུད་འབད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་ཡང་གནང་ཡི། 

འཐུས་མི་དྲུང་ཆེན་བགྲེསཔ་ བདེ་ཆེན་སེངྒེ་།
ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ཁྲི་འཛིན་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱི་སྐབས་ལུ་ ཚོགས་པའི་འཐུས་མི་དྲུང་ཆེན་ཨིན་མི་ བདེ་ཆེན་སེངྒེ་ལུ་ཡང་ གཞུང་ལུ་ མགུ་སྐོར་རྐྱབ་པའི་ཉེས་ཁྲིམས་ ལོ་༡ བཀལ་མི་དེ་ཡང་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་པས།
ཁོ་གིས་ ཁྲིམས་གཞུང་ཆེན་མོ་ན་༡-༢ པའི་དགོངས་དོན་ལས་ འགལ་ཡོད་མི་དེ་ཡང་ ཁོ་གིས་ ཤེས་བཞིན་མཐོང་བཞིན་ར་ གཞུང་ལུ་ མགུ་སྐོར་རྐྱབ་ཐོག་ལས་ རྒྱན་ཤོག་འཐུ་མི་གི་ ཐོ་བསྒྱུར་བཅོས་རྐྱབ་སྟེ་ ཁོ་རའི་སྲིངམོ་ བདེ་ཆེན་བཟང་མོ་དེ་ རྒྱན་ཤོག་འཐུ་བར་མ་ལྷོད་རུང་ ས་རྒྱ་ཕིཊ་གྲུ་བཞི་༤༦༤༨.༣༢ སྤྲོད་ནི་དེ་གིས་ཨིན་པས།
འཁྲུན་ཆོད་ནང་ བཀོད་པའི་ནང་གསལ་ རྩོད་ཟླ་བདེ་ཆེན་སེངྒེ་གིས་ཡང་ ཤེས་བཞིན་མཐོང་བཞིན་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་ ཞབས་ཏོག་ལྷན་ཁག་གི་གསལ་བསྒྲགས་ དེ་ལས་ སྔར་གྱི་ལམ་ལུགས་དང་འཁྲིལ་ ས་ཐོབ་ལམ་ཡོད་མི་ཚུ་གི་ཐོ་ཚུ་ འབྲེལ་ཡོད་ལྷན་ཁག་བརྒྱུད་དེ་ མི་དབང་མངའ་ཞབས་ལས་ གནང་བ་མ་ཞུ་བའི་ཁར་ ཧེ་མ་ལས་ ས་ཆ་དགོ་འདོད་ཀྱི་ ཞུ་ཡིག་བཙུགས་མི་༡༢༤ རྒྱབ་སྐྱུར་བཞག་སྟེ་ ཚུལ་མིན་ཐོག་ ཉེས་འཛུགས་ཅན་ ཁོ་རའི་སྲིངམོ་བདེ་ཆེན་བཟང་མོའི་ མིང་ཐོག་ལུ་ ཞུ་ཡིག་བྲིས་ཏེ་ བདེ་ཆེན་བཟང་མོ་གིས་ བྲིས་བྲིསཝ་བཟུམ་སྦེ་ མཐོང་ནིའི་དོན་ལུ་ ཞུ་ཡིག་གི་མཇུག་ལུ་ མིང་རྟགས་མ་བཀོད་པར་ ལག་རྗེས་རྐྱབ་བཙུགས་ཞིནམ་ལས་ ཁེ་ཕན་ལྟག་སྤྲོད་ཀྱི་ཐོག་ལས་ ས་ཆ་སྤྲོད་ནུག་ཟེར་ཨིན་པས།
དེ་མ་ཚད་ གོ་རིམ་དང་པའི་ནང་ ཚོང་འབྲེལ་ས་ཆ་༡༩ དང་ གོ་རིམ་༢ པའི་ནང་ ཁྱིམ་སའི་དོན་ལུ་ ས་ཚན་༢༦ དེ་ལས་ སྤྱི་ལོ་༢༠༠༡ ལུ་ གོ་རིམ་༣ པའི་ནང་ ཁྱིམ་ས་༤༡ བགོ་བཀྲམ་འབད་མི་ཚུ་གི་ ཡིག་ཆུའི་གུ་ ཁོ་གིས་ མིང་རྟགས་བཀོད་དེ་ཡོདཔ་ཨིན་པས།
འཁྲུན་ཆོད་གནང་པའི་ཤུལ་ལུ་ རྩོད་ཟླ་བདེ་ཆེན་སེངྒེ་གིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ རྩོད་དོན་གྱི་ གནས་སྟངས་ཅོག་འཐདཔ་ཡོད་རུང་ དྲང་ཁྲིམས་ལྷན་སྡེ་གིས་ ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ ཀྱི་ དགོངས་ཕོག་བཀའ་རྒྱ་དེ་ གནས་སྐབས་ཅིག་ ཆ་མེད་བཏང་ཡོད་རུང་ ཁོ་ར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དགོངས་ཕོག་བཏོན་ཏེ་ ཟླཝ་༥ ཡར་སོཔ་ལས་ ཁེ་རྒུད་མ་བཏུབ་ཟེར་ཨིན་པས།
དེ་འབདཝ་ལས་ ཁོ་ར་ ད་ཚུན་གྱི་བར་ན་ དགོངས་ཕོག་ཐོག་སྡོད་དེ་ ཟླཝ་༥ ལང་ཡོདཔ་ལས་ ཁོ་ལུ་ བཙོན་ཁྲིམས་ལོ་༡ བཀལ་མི་ལས་ ཕབ་ཆག་གནང་ཐབས་ཡོདཔ་ཅིག་ མཛད་གནང་ཟེར་ ཞུ་མི་ལུ་ ཁྲིམས་འདུན་ལས་ ངོས་ལེན་མཛད་མ་བཏུབ།
དྲང་དཔོན་མགོན་པོ་རྡོ་རྗེ་གིས་ སླབ་མིའི་ནང་ གོང་གི་རྩོད་ཟླ་༣ གྱིས་ ཚུལ་མིན་སྒོ་ལས་ ས་ཆ་སྤྲོད་མི་ཚུ་ཡང་ སླར་ལོག་གཞུང་ལུ་ སོར་ཆུད་འབདཝ་དང་གཅིག་ཁར་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༡༣ དང་༡༤ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ས་ཆ་བགོ་སྤྲོད་ཀྱི་ རྩོད་གཞི་༧༥ ཁྲིམས་ཀྱི་འདུན་སར་ ཐོ་བཀོད་འབད་ཡོད་མི་ཚུ་གི་ རྩོད་བཤེར་ཡང་ བདུན་ཕྲག་༢ དེ་ཅིག་གི་རྒྱབ་ལས་ འགོ་བཙུགས་ནི་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment