གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནེ་པཱལ་ལུ་ཡོད་མི་ སྐྱབས་བཅོལ་བ་༧༥,༢༧༢ གནས་སྤོ་སོང་ཡོདཔ།

༥/༤/༢༠༡༣   ༉ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱལ་ཁམས་ཀྱི་གནས་སྟངས་སྐོར་ལས་ སྙན་ཞུ་ཕུལ་མི་དང་འབྲེལ་ རྒྱལ་ཁབ་ཀྱི་ ཚ་གྱང་སྦོམ་ཤོས་ཅིག་ ནེ་པཱལ་གྱི་ སྐྱབས་བཅོལ་པའི་ སྡོད་སྒར་ནང་ སྡོད་མི་ཚུ་ཨིན་ཟེར་ཞུ་ཡི།


སྙན་ཞུ་དང་འཁྲིལཝ་ད་ ན་ཧིང་ སྤྱི་ཟླ་༡༢ པ་མཇུག་བསྡུ་ཁམས་ལུ་ སྐྱབས་བཅོལ་བ་༧༥,༢༦༡ འཛམ་གླིང་རྒྱལ་ཁབ་༨ ཀྱི་ནང་ གཞིས་གསར་གྱི་དོན་ལུ་ གནས་སྤོ་སྟེ་ སོང་ཡོདཔ་ཨིན་པས།
སྐྱབས་བཅོལ་བ་ཚུ་ གཞིས་གསར་སྦེ་ལེན་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ ཨེ་མི་རི་ཀ་ལུ་ སྐྱབས་བཅོལ་བ་༦༣,༥༤༣ དང་ ཀེ་ནི་ཌ་ལུ་༥,༢༩༦ ཨཱསི་ཊེ་ལི་ཡ་ལུ་༣,༨༣༩ དེ་ལས་ ཌེན་མཱག་ལུ་༧༤༤ དང་ ནེའུ་ཟི་ལེནཌི་ལུ་༧༡༠ ནོར་ཝེ་ལུ་༥༦༦ ནི་དར་ལེནསི་ལུ་༣༢༦ ཡུ་ཀེ་ལུ་༢༥༧ སོང་ནུག་ཟེར་ཞུ་ཡི།
གནས་སྤོ་སོང་མི་ཚུ་ རྒྱལ་ཁབ་དེ་ཚུ་གིས་ བདག་འཛིན་ལེགས་ཤོམ་འཐབ་མི་ལུ་བརྟེན་ ད་རེས་ གཞིས་ཚུད་སོ་ནུག་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ སྐྱབས་བཅོལ་བ་ལ་ལུ་ཅིག་གིས་ ཁོ་ར་ལུ་ ཡི་གུ་ཚུ་ཡང་ བསྐྱལ་ཡོདཔ་མ་ཚད་ གཞུང་གི་ འགོ་དཔོན་ཚུ་ ཁོང་ཆ་ཁྱབ་ བལྟ་བར་བཏངམ་ད་ཡང་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་ཡོད་པའི་ཁར་ འབྲུག་རྒྱལ་ཁབ་ནང་ཡང་ ལེགས་ཤོམ་འབྱུང་བཅུག་ཟེར་བའི་ སྨོན་ལམ་ཚུ་ཡང་ བཏབ་དོ་ཡོད་པའི་སྐོར་ལས་ སླབ་ནུག་ཟེར་ཨིན་པས།
ང་བཅས་ཀྱིས་འབད་རུང་ ད་ལྟོ་ ནེ་པཱལ་གྱི་ སྡོད་སྒར་ཚུ་ནང་ ལུས་ཏེ་ཡོད་མི་ སྐྱབས་བཅོལ་བ་གཞན་ཚུ་ཡང་ གནས་སྤོ་སོང་མི་ཚུ་བཟུམ་སྦེ་ ལེགས་ཤོམ་འགྱོ་བཅུག་ཟེར་བའི་ སྨོན་ལམ་བཏབ་དགོ་ཟེར་ བློན་ཆེན་གྱིས་ཞུ་ཡི།
དེ་བཟུམ་སྦེ་ ཁ་ཙ་ཉིན་མར་ ལྟོ་བཟའ་ཞིནམ་ལས་ འགོ་འདྲེན་འཐབ་མི་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུད་ཀྱི་ ཞལ་འཛོམས་ནང་ གནས་ཚུལ་མཁནམ་ཚུ་གིས་ རྒྱལ་ཁམས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ ནེ་པཱལ་གྱི་ སྐྱབས་བཅོལ་བའི་ སྡོད་སྒར་ཚུ་ནང་ སྡོད་མི་ཚུ་ ད་རེས་ བདེ་བའི་ས་ཁར་ལྷོད་ཡོདཔ་སྦེ་ གསལ་བཀོད་འབད་ཡོད་རུང་ རྒྱལ་ཁབ་ཀྱི་ ལྷོ་མཚམས་རྫོང་ཁག་ཚུ་ནང་ མི་ཁུངས་གཏན་འཁེལ་མེད་མི་ ལེ་ཤ་ཡོདཔ་ལས་ ཁོང་གི་ དཀའ་ངལ་ བསལ་ནིའི་དོན་ལུ་ ཐབས་ལམ་ག་ཅི་ར་ བཏོན་དོ་ཡོདཔ་ཨིན་ན་ཟེར་བའི་ དྲིས་བའི་ལན་ལུ་ བློན་ཆེན་གྱིས་ མི་ཁུངས་སྤྲོད་དགོཔ་ ངེས་བདེན་ཡོད་མེད་ བལྟ་དགོ་པའི་ བྱ་སྒོ་ལེ་ཤ་ཡོདཔ་མ་ཚད་ མི་ཁུངས་སྤྲོད་ནི་དེ་ཡང་ འབྲུག་མངའ་བདག་རྒྱལ་པོའི་ ཁེ་དབང་ཨིནམ་བཞིན་དུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ཡང་ གནད་དོན་དེ་ལུ་ ཐུགས་ཀྱི་ཚ་གྱང་སྦོམ་སྦེ་ར་བཞེས་ཏེ་ཡོད་ཟེར་གསུངས་ཡི།
བློན་ཆེན་གྱིས་ གནས་ཚུལ་དང་འདྲཝ་སྦེ་ གསུངས་མིའི་ནང་ ཉིན་གྲངས་དག་པ་ཅིག་གི་ཧེ་མར་ མི་སེར་༡༢༡ གིས་ མི་ཁུངས་ཐོབ་ཡོདཔ་མ་ཚད་ མདང་བཞག་ཁམས་ཅིག་ཁར་ མི་དབང་མངའ་ཞབས་མཆོག་ ལྷོ་མཚམས་རྫོང་ཁག་ཚུ་ནང་ ཆིབས་བསྐྱོད་གནང་པའི་སྐབས་ མི་༡༠༠ དེ་ཅིག་ལུ་ མི་ཁུངས་གནང་ཡི་ཟེར་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གཙོ་རིམ་ཁག་༢ ཡོད་མི་དེ་ཡང་ ས་ཆ་མེད་མི་ མི་སེར་ཚུ་ལུ་ ས་ཆ་སྐྱིད་སྡུག་གནང་ནི་དང་ མི་ཁུངས་མེད་མི་ཚུ་ལུ་ འོས་འབབ་དང་འཁྲིལ་ མི་ཁུངས་གནང་ནི་དེ་ཨིན་ཟེར་ བློན་ཆེན་མཆོག་གིས་ གསུངས་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment