གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྡ་དོན་ཞབས་ཏོག་གིས་ མི་སྡེ་ལུ་ ཕན་ཁྱད་བྱུང་དོ་ཡོདཔ།

༡/༣/༢༠༡༣   ༉ དར་དཀར་ནང་རྫོང་ཁག་ འབྲུག་རྗེས་སྒང་རྒེད་འོག་གི་ མི་སེར་ཚུ་གིས་ འདས་པའི་ལོ་ཚུ་ནང་འབད་བ་ཅིན་ ཐ་ན་ བརྡ་འཕྲིན་ཅིག་གཏང་ནི་འབད་རུང་ ཞབས་ཏོག་གི་དོན་ལུ་ སྣུམ་འཁོར་ནང་ ཆུ་ཚོད་ཕྱེད་དང་༢ དེ་ཅིག་འགྱོ་དགོ་པའི་ ཐག་ཉེ་ཤོས་ཅིག་ཨིན་མི་ རྩི་རང་འགྲམ་ཕུག་ཁྲོམ་ཁར་ འགྱོ་དགོ་དོ་ཡོདཔ་ད་ དེ་མིན་ དར་དཀར་ནང་རྫོང་ཁག་ དར་དཀར་དཔལ་ལ་ཁྲོམ་དང་ དར་དཀར་ནང་རྫོང་ཁག་ཁྲོམ་གྱི་ས་ཁོངས་ནང་ འགྱོ་དོ་ཡོདཔ་ཨིན་པས།
སྤྱི་ཕན་རིག་སྤེལ་ལས་འགུལ་གྱིས་ གཞི་བཙུགས་འབད་མི་གློག་རིག་ཞབས་ཏོག་ སྤྱོད་པའི་བསྒང་།


ཨིན་རུང་ འདས་པའི་ལོ་ནང་ འབྲུག་རྗེས་སྒང་རྒེད་འོག་ལྟེ་བའི་ས་ཁོངས་ནང་ མི་སྡེའི་བརྡ་དོན་ཞབས་ཏོག་ཅིག་ གཞི་བཙུགས་འབད་ཡོད་མི་དེ་གིས་ ཉེ་འདབས་ཀྱི་མི་སེར་ཚུ་ལས་ ཕན་ཐོགས་སྦོམ་བྱུང་དོ་ཡོདཔ་སྦེ་ བཤདཔ་ཨིན་པས།
ཞབས་ཏོག་ལྟེ་བ་དེ་ སྤྱི་ལོ་༢༠༡༡ གི་ ལོ་མཇུག་བསྡུ་ཁམས་ལུ་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་ནངས་པ་ ཉིན་བསྟར་བཞིན་དུ་ ལྟེ་བ་དེ་ནང་ ཞབས་ཏོག་ལག་ལེན་འཐབ་མི་ རྒེད་འོག་ནང་ལས་ མི་གྲངས་༡༠ དང་༡༥ གི་བར་ན་ མ་ཆད་པར་འོང་དོ་ཡོདཔ་ཨིན་པས།
ལྟེ་བ་དེ་ འབྲུག་འགྲེམ་ལས་འཛིན་གྱིས་ འཛིན་སྐྱོང་འཐབ་དོ་ཡོདཔ་ད་ འབྲུག་རྗེས་སྒང་གི་ལྟེ་བ་དེ་ དར་དཀར་ནང་རྫོང་ཁག་ནང་ ལྟེ་བ་དང་པ་ཅིག་ཨིན་པས།
ཁྲིམས་སྲུང་ཉོགས་མེད་ལག་ཁྱེར་བཏོན་ནིའི་དོན་ལུ་ ལྟེ་བ་ལག་ལེན་འཐབ་མི་ སྤང་ནག་སྤྱི་འོག་ནང་ལས་ ཕུར་པ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཐ་ན་ བརྡ་འཕྲིན་ཅིག་གཏང་ནི་འབད་རུང་ ལཱ་ཁག་སྦེ་ དུས་ཡུན་ཆུ་ཚོད་ཕྱེད་དང་༢ དེ་ཅིག་ སྣུམ་འཁོར་ནང་ འགྱོ་དགོ་པའི་ས་གནས་ འགྲམ་ཕུག་ཁྲོམ་ཁར་འགྱོ་དོ་ཡོད་རུང་ ད་རེས་ ཞབས་ཏོག་ལྟེ་བ་དེ་ གཞི་བཙུགས་འབད་བའི་ཤུལ་ལུ་ རྒྱ་ཆེ་དྲགས་སྦེ་ར་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཞབས་ཏོག་ལག་ལེན་འཐབ་མི་ཅིག་ཨིན་མི་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ དེ་གིས་ ས་གནས་ཀྱི་མི་སེར་ཉམ་ཆུང་ཚུ་ལུ་ ཟད་འགྲོ་སྦོམ་གཏང་སྟེ་ ཁྲོམ་ཁར་འགྱོ་མ་དགོ་པའི་ཁར་ དུས་ཡུན་ཐུང་ཀུ་ཅིག་ནང་ ཞབས་ཏོག་དེ་ འཐོབ་ཚུགས་པའི་ ཕན་ཁྱད་བྱུང་ཡི་ཟེར་ཨིན་པས།
འབྲུག་རྗེས་སྒང་སློབ་གྲྭ་ཆེ་བའི་ སློབ་ཕྲུག་ཅིག་གིས་ སླབ་མིའི་ནང་ ཞབས་ཏོག་ལུ་བརྟེན་ མཐའ་ཟུར་གྱི་ས་གནས་ནང་ གློག་རིག་ཡོངས་འབྲེལ་ལག་ལེན་འཐབ་ནིའི་ གོ་སྐབས་ཐོབ་མི་ལུ་བརྟེན་ ཡོན་ཏན་ཐོབ་ཚུགས་པས་ཟེར་ཨིན་པས།
ཞབས་ཏོག་བྱིན་སའི་ ཐོག་༡ འབད་མི་ཁྱིམ་དང་མཐུད་དེ་ སྤྱི་ཕན་རིག་སྤེལ་ལས་འགུལ་ཐོག་ལས་ གློག་རིག་རྩེད་ས་ཅིག་ཡང་བཙུགས་ཡོདཔ་ད་ དེ་ནང་ སློབ་གྲྭའི་དུས་ཚོད་མཇུག་བསྡུཝ་ད་དང་ བདུན་མཐའ་ཚུ་ནང་ རྩེདམ་རྩེད་ནིའི་དོན་ལུ་ སློབ་ཕྲུག་ཚུ་ འོང་དོ་ཡོདཔ་ཨིན་པས།
ལྟེ་བ་དེ་ འབྲུག་འགྲེམ་གྱི་ དུས་རྒྱུན་ཞབས་ཏོག་ ཡི་གུ་གཏོང་ལེན་འབད་ནི་དང་ འགྲེམ་རྟགས་ཚུ་ བཙོང་ནི་ལ་སོགས་པའི་ འགྲེམ་སྐྱོང་དང་འབྲེལ་བའི་ ཞབས་ཏོག་དང་གཅིག་ཁར་ འབྲུག་འགྲེམ་ལས་འཛིན་གྱིས་ རྒྱུན་སྐྱོང་འཐབ་དོ་ཡོདཔ་ཨིན་པས།
ལྟེ་བའི་འགོ་འཛིན་པ་ ཟླ་བ་རྒྱལ་པོ་གིས་ སླབ་མིའི་ནང་ ཞབས་ཏོག་ལག་ལེན་འཐབ་མི་ཚུའི་གྲས་ལས་ མང་ཤོས་ར་ སློབ་ཕྲུག་ཚུ་གིས་ གློག་རིག་ཡོངས་འབྲེལ་ལག་ལེན་འཐབ་ནི་དང་ ས་གནས་ཀྱི་མི་སེར་ཚུ་གིས་ ཡིག་ཆས་འདྲ་བཤུས་རྐྱབ་ནིའི་དོན་ལུ་ འོང་དོ་ཡོདཔ་ད་ གཞན་མི་ཚུ་ གཞུང་ལས་མི་སྡེའི་ཟེར་མི་(G2C)ཞབས་ཏོག་སྤྱོད་ནི་དང་ མི་རྩིས་ཐོ་བཀོད་འབད་ནི་ ཚོང་གི་ཆོག་ཐམ་གྱི་དོན་ལུ་ཡི་གུ་བཙུགས་ནི་ དེ་ལས་ ཁྲིམས་སྲུང་ཉོགས་མེད་ལག་ཁྱེར་བཏོན་ནིའི་དོན་ལུ་ འོང་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྦྱར་ཤོག་ལེ་མི་ནེཊི་དང་ ཡིག་ཆས་པར་སྐྲུན་འབད་ནི་ དེ་ལས་ ཡིག་པར་བཏབ་ནི་ཚུ་ ཡོདཔ་ཨིན་པས།
གློག་རིག་ཡོང་འབྲེལ་འཐབ་ནི་དེ་ དུས་ཡུན་སྐར་མ་༡༥ འི་རིང་ལུ་ འཐུས་དངུལ་ཀྲམ་༢༠ རེ་ ལེན་དོ་ཡོདཔ་ད་ སྦྱར་ཤོག་འབད་ནིའི་དོན་ལུ་ ཤོག་གུ་ཚད་གཞི་སྦོམ་ལུ་ ཨེ་ཐི་རི་ལུ་ དངུལ་ཀྲམ་༤༥ དང་ ཨེ་ཕོར་ལུ་ དངུལ་ཀྲམ་༤༠ དེ་ལས་ ཁྲིམས་སྲུང་ཉོགས་མེད་ཡི་གུ་དང་ ཚོང་གི་ཆོག་ཐམ་ དེ་ལས་ ཡིག་ཆས་ལ་སོགས་པ་ཚུ་ ཡིག་པར་བཏབ་ནིའི་དོན་ལུ་ ཤོག་གྲངས་རེ་ལུ་ དངུལ་ཀྲམ་༡༠ རེ་ ལེན་དོ་ཟེར་ ཟླ་བ་རྒྱལ་པོ་གིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྫོང་ཁག་ནང་ རྒེད་འོག་༤ ནང་ ལྟེ་བ་དེ་ གཞི་བཙུགས་འབད་ནིའི་འཆར་གཞི་ཡོད་པའི་ནང་ལས་ ད་ལྟོ་ འབྲུག་རྗེས་སྒང་རྒེད་འོག་ནང་རྐྱངམ་གཅིག་ སྒོ་ཕྱེས་ཏེ་ ལོ་ལྷག་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ དཀར་ནག་རྒེད་འོག་ནང་ལུ་ཡང་ སྒོ་ཕྱེས་ཡོདཔ་ད་ ཚང་ཁ་དང་ ལ་རྒྱབ་རྒེད་འོག་༢ ནང་ ལྟེ་བ་གཞི་བཙུགས་འབད་ནིའི་དོན་ལུ་ ད་ལྟོ་ བཟོ་བཀོད་ཚུ་ བསྒྲུབས་ཡོདཔ་ལས་ སྒོ་ཕྱེ་ནིའི་དོན་ལུ་ སྒུག་དོ་ཡོདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།






No comments:

Post a Comment