༡༩/༣/༢༠༡༣ ཚོགས་རྒྱན་བཙུགས་མི་ཚུ་ མགུ་འཐོམ་དགོཔ་བྱུང་མི་ ག་ཅི་ཨིན་ན?
༉ ད་རེས་ནངས་པ་ རྒྱལ་ཁབ་ནང་ སྤྱི་ཚོགས་གཉིས་པའི་ བཙག་འཐུའི་བྱ་རིམ་ འགོ་འདྲེན་འཐབ་རན་མི་དང་བསྟུན་ སྲིད་དོན་ཚོགས་པའི་ འདེམས་ངོ་ཚུ་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ ངོ་སྤྲོད་འབད་བར་ སོང་ཡོདཔ་ཚད་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ རེ་བ་ཡོད་མི་ འདེམས་ངོ་ཚུ་ རྒེད་འོག་ལས་ གདམ་འཐུ་འབད་ནིའི་དོན་ལུ་ འཛོམས་འདུ་ཚུ་ རྐྱབ་པའི་བསྒང་ཡོདཔ་ཨིན།
སྲིད་ཚོགས་གསརཔ་ཚུ་གི་ འདེམས་ངོ་ཚུ་ ངོ་སྤྲོད་ཀྱི་ ལྟ་སྐོར་ལུ་ འགྱོ་མི་དང་ རྒྱལ་ཁབ་ནང་འཁོད་ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་བྱ་རིམ་ཚུ་ འགོ་བཙུགས་མི་གཉིས་ དུས་མཉམ་ལུ་ བྱུང་མི་ལུ་བརྟེན་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་གཉིས་ དབྱེ་བ་ཕྱེ་མ་ཚུགས་པར་ ཚོགས་རྒྱན་བཙུགས་མི་ཚུ་ མགུ་འཐོམ་བྱུང་ནུག།
མི་སེར་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་ རང་སོའི་འདེམས་ཁོངས་ནང་འོངམ་ད་ སྲིད་ཚོགས་ཀྱི་ འདེམས་ངོ་ཨིནམ་སྦེ་ གོ་བ་བརྡ་ལོག་ལེན་ཡོད་མི་ལུ་ལྟཝ་ད་ གྲོང་གསེབ་ཀྱི་མི་སེར་ཚུ་ལུ་ གོ་བརྡ་ལེགས་ཤོམ་སྦེ་ མ་སྤྲོད་པའི་ བརྡ་མཚོན་ཅིག་ གསལ་སྟོན་འབད་མི་དེ་ཡང་ དབང་འདུས་ཕོ་བྲང་རྫོང་ཁག་ ནཱ་ཧི་རྒེད་འོག་དང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་བདེ་བ་ཐང་ལུ་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་བཏོན་ནིའི་དོན་ལུ་ འཛོམས་འདུ་འགོ་འདྲེན་འཐབ་པའི་སྐབས་ གནད་དོན་ག་ཅི་གི་སྐོར་ལས་ཨིན་ན་ བརྡ་ལེགས་ཤོམ་སྦེ་ མ་འཕྲོད་མི་ལུ་བརྟེན་ མི་སེར་ཚུ་གི་ སྣང་བ་ལུ་ རྒེད་འོག་གི་ བཙག་འཐུའི་འཛོམས་འདུ་ཨིནམ་སྦེ་ གོ་བ་ལེན་ནུག།
མ་གཞི་ འཕྲལ་ཁམས་ཅིག་ཁར་ བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ཚེས་གྲངས་ གསལ་བསྒྲགས་འབདཝ་དང་འབྲེལ་ ཚོགས་སྡེའི་བཙག་འཐུའི་ དུས་ཡུན་སྐབས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་དང་ ཡང་ཅིན་ སྤྱི་ཚོགས་ཀྱི་འཐུས་མི་གང་རུང་ འདེམས་ཁོངས་ཚུ་ནང་ གཞུང་འབྲེལ་ལྟ་སྐོར་དང་ ཡང་ཅིན་ འགྲུལ་བསྐྱོད་འབད་ནི་ཚུ་ འཛེམ་དགོཔ་སྦེ་ གསལ་བཀོད་འབད་ཡོདཔ་ད་ གལ་སྲིད་ འདེམས་ཁོངས་ཚུ་ནང་ བྱ་ཐབས་མེད་པར་ འགྱོ་དགོཔ་འཐོན་པ་ཅིན་ དང་པ་ར་ འབྲེལ་ཡོད་ངོས་ལེན་འགོ་འཔོན་ལུ་ སྙན་ཞུ་འབད་དགོ་ཟེར་ ཁྱབ་བསྒྲགས་འབད་ཡོདཔ་ཨིན།
ཨིན་རུང་ སྲིད་ཚོགས་གསརཔ་གི་ འདེམས་ངོ་ཚུ་ འདས་པའི་ཟླཝ་ནང་ ངོ་སྤྲོད་ལྟ་སྐོར་ལུ་ འགྱོ་ཆོགཔ་བཟོ་མི་དེ་ མཚམས་འཇོག་མ་འབད་བས་ཟེར་ ལྟ་རྟོག་པ་ཚུ་གིས་ བཤད་ཡོདཔ་ད་ སྤྱི་ལོ་༢༠༠༧ ལུ་ ཚོགས་སྡེའི་བཙག་འཐུ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ཚོགས་པ་༢ ཀྱི་ གོམས་འདྲིས་འཛོམས་འདུ་ཚུ་ བཙག་འཐུ་མཇུག་མ་བསྡུ་ཚུན་ཚོད་ མཚམས་འཇོག་འབད་ནི་དང་ ཡང་ཅིན་ ག་དེ་དྲག་དྲག་འཛེམ་དགོཔ་སྦེ་ བརྡ་བསྐུལ་འབད་མི་དེ་ཡང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་བྱ་རིམ་ཚུ་ལུ་ བར་ཆད་མི་རྐྱབ་ནིའི་དོན་ལུ་ཨིན་མས།
མཐའ་ཟུར་གྱི་ ས་གནས་ལེ་ཤ་ཅིག་ནང་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་གཉིས་ཀྱི་ བྱ་སྒོ་དང་ འགན་ཁུར་ཚུ་ ལེགས་ཤོམ་སྦེ་ ཧ་མ་གོ་བར་ཡོདཔ་ལས་ སྲིད་དོན་ཚོགས་པ་དང་ སྲིད་དང་འབྲེལ་བ་མེད་པའི་ ཚོགས་སྡེའི་འདེམས་ངོ་ཚུ་ སླ་བསྲེ་རྐྱབ་བཅུག་ནི་མི་འོང་ཟེར་ ལྟ་རྟོག་པ་ཚུ་གིས་ བསམ་འཆར་བཀོདཔ་ཨིན་པས།
ད་རེས་ནངས་པ་ བཙག་འཐུ་དང་འབྲེལ་བའི་ འུར་བྱེལ་འཐབ་ནི་ འགོ་བཙུགས་པའི་ ནམ་དུས་ལུ་ དང་པ་ར་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དེ་ རང་མོས་རྣམ་དག་ཐོག་ འགོ་འདྲེན་འཐབ་དགོཔ་དེ་ གལ་ཆེ་བ་ལུ་བརྟེན་ གཙོ་རིམ་འདི་ ཚོགས་སྡེའི་བཙག་འཐུ་ལུ་ བྱིན་དགོཔ་བཟུམ་ཅིག་ མཐོང་སྣང་བྱུངམ་མས་ཟེར་ ཞུ་ནི་ཨིན།
No comments:
Post a Comment