གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་ཆའི་གོང་ཚད་ མར་བབས་སོང་མི་དེ་ དཔལ་འབྱོར་གནས་སྟངས་ལུ་བརྟེན་ཏེ་ཨིནམ།

༡༩/༣/༢༠༡༣   ༉ ཐིམ་ཕུ་ལུ་སྡོད་མི་ ཚོང་པ་བསོད་ནམས་ཀྱིས་ བར་སྦིས་ས་ལུ་ཡོད་པའི་ ས་ཆ་ཌེ་སི་མཱལ་༡༨ འབད་མི་ཅིག་ བཙོང་ནིའི་དོན་ལུ་ ཟླཝ་༢ འགོར་བའི་ཁར་ བརྡ་བརྒྱུད་ནང་ གསལ་བསྒྲགས་ཡང་ ཚར་ལེ་ཤ་ཅིག་ར་ འབད་དགོཔ་ཐོན་ཡོདཔ་ཨིན་པས།


ས་ཆ་བཙོང་དགོ་མི་དེ་ཡང་ ད་ལྟོ་ བར་སྦིས་ས་ལུ་ རྐྱབ་པའི་བསྒང་ཡོད་པའི་ ཁོ་རའི་སྒྲིང་ཁྱིམ་ གསརཔ་གི་དོན་ལུ་ དངུལ་ཁང་ནང་ལས་ བསྐྱིན་འགྲུལ་ལེན་མི་དེ་ རྫོགས་སོཔ་ལས་ ཏི་རུ་ཁག་ཆེ་ནི་དེ་གིས་ཨིན་པས།
མ་གཞི་ཁོ་གིས་ བསྐྱིན་འགྲུལ་ཧེང་བཀལ་ལེན་ནིའི་དོན་ལུ་ དངུལ་ཁང་ལུ་ ཞུ་བ་འབད་ཡོདཔ་ཨིན་རུང་ བསྐྱིན་འགྲུལ་འཐོབ་ནིའི་དོན་ལུ་ དུས་ཚོད་འགོར་འོང་ཟེར་ སླབ་མས་ཟེར་ཨིན་པས།
ཁོ་གིས་ ས་ཉོ་མི་དང་གཅིག་ཁར་ གོང་ཚད་བདེ་སྒྲིག་ ཚར་ལེ་ཤ་འབད་བའི་ཤུལ་ལུ་ ས་ཆ་ཌེ་སི་མཱལ་རེ་ལུ་ གོང་ཚད་དངུལ་ཀྲམ་༤༢༠,༠༠༠ རེ་ ཐོབ་ཡོདཔ་ད་ ད་རེས་ ས་ཆའི་གོང་ཚད་ མར་འབབ་འགྱོ་བའི་ནམ་དུས་ལུ་ ས་ཆ་ཉོ་མི་ཡང་ མིན་འདུག་ཟེར་ཨིན་པས།
ན་ཧིང་གི་ལོ་ནང་ ས་ཆ་ཌེ་སི་མཱལ་རེ་ལུ་ གོང་ཚད་དངུལ་ཀྲམ་༥༥༠,༠༠༠ སྤྲོད་མི་ཐོན་ཡོདཔ་ཨིན་རུང་ དེ་བསྒང་ ཏི་རུའི་དགོས་མཁོ་མེད་པའི་ཁར་ ས་ཆའི་གོང་ཚད་ ཡར་སེང་འགྱོ་ནི་གི་ རེ་བ་བསྐྱེད་དེ་ མ་བཙོང་པར་བཞག་ཡི་ཟེར་ བསོད་ནམས་ཀྱིས་ སླབ་ཨིན་པས།
རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ལུ་བརྟེན་ ད་རེས་ནངས་པ་ ཐིམ་ཕུ་གི་ ས་ཆའི་གོང་ཚད་ཚུ་ མར་བབས་སོང་ཡོདཔ་མ་ཚད་ ཁྲོམ་ཚོགས་ས་གནས་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ཚུ་ནང་ཡང་ ས་ཆའི་གོང་ཚད་ མར་བབས་སོང་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ ཐིམ་ཕུ་དང་ བར་སྦིས་སའི་ མགྱོགས་ལམ་གྱི་ གཡས་གཡོན་ལུ་ཡོད་པའི་ས་ཆ་ཚུ་ ཌེ་སི་མཱལ་རེ་ལུ་ གོང་ཚད་དངུལ་ཀྲམ་༦༠༠,༠༠༠ དང་༩༠༠,༠༠༠ བར་ན་ ཐོབ་དོ་ཡོདཔ་ཨིན་རུང་ དུས་ཅི་ ལོ་འགོ་བཙུགས་ཁམས་ཅིག་ལས་ དངུལ་ཀྲམ་༤༠༠,༠༠༠ དང་༦༠༠,༠༠༠ ལུ་ མར་བབས་སོང་ཡོདཔ་ཨིན་པས།
སའི་བར་ཚོང་འཐབ་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ ཐིམ་ཕུ་ ལྕང་བང་འབྲུ་དང་ བར་སྦིས་སའི་ ས་ཁོངས་ཚུ་ནང་ ས་ཆ་ཌེ་སི་མཱལ་རེ་ལུ་ དངུལ་ཀྲམ་༣༨༠,༠༠༠ ལས་༤༠༠,༠༠༠ རེ་སྦེ་ བཙོང་དོ་ཟེར་ཨིན་པས།
འབྱུང་བཞི་ནང་ལུ་འབད་བ་ཅིན་ ཌེ་སི་མཱལ་རེ་ལུ་ གོང་ཚད་དངུལ་ཀྲམ་༣༥༠,༠༠༠ ལས་༣༨༠,༠༠༠ རེ་སྦེ་ ཉོ་བཙོང་འཐབ་དོ་ཡོདཔ་ད་ ཨོ་ལ་ཁ་ལུ་ དངུལ་ཀྲམ་༣༨༠,༠༠༠ ལས་༤༠༠,༠༠༠ རེ་སྦེ་ བཙོང་དོ་ཡོདཔ་ཨིན་པས།
ཐིམ་ཕུ་དཀར་སྦྱིས་སའི་ ས་ཁོངས་ནང་ ས་ཆ་ཌེ་སི་མཱལ་རེ་ལུ་ དངུལ་ཀྲམ་༡༧༠,༠༠༠ ལས་༢༠༠,༠༠༠ དེ་ཅིག་ ཐོབ་དོ་ཡོདཔ་ད་ རྣམ་སྲས་གླིང་ལུ་ ན་ཧིང་གི་ལོ་ནང་ དངུལ་ཀྲམ་༢༨༠,༠༠༠ རེ་ ཐོབ་དོ་ཡོད་རུང་ ད་རེས་ དངུལ་ཀྲམ་༡༥༠,༠༠༠ ལས་༡༨༠,༠༠༠ རེ་མ་གཏོགས་ ཐོབ་མི་ཚུགསཔ་ཨིན་པས།
ལྟ་རྟོག་པ་ཚུ་གིས་འབད་བ་ཅིན་ ད་རེས་ སའི་གོང་ཚད་ མར་བབས་སོང་མི་དེ་ ཧེ་མ་ དུས་ཡུན་ཐུང་ཀུ་ཅིག་ནང་ར་ ཡར་སེང་ མགྱོགས་དྲགས་འགྱོ་མི་དང་ ཅོག་འཐདཔ་སྦེ་འདུག་ཟེར་ཨིན་པས།
འདས་པའི་ལོ་ངོ་ དག་པ་ཅིག་གི་ཧེ་མར་ ཐིམ་ཕུ་ལུ་ སའི་གོང་ཚད་ཚུ་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་སོང་ཡོདཔ་ད་ དམིགས་བསལ་དུ་ ཁྲོམ་གྱི་ས་ཁོངས་ རྒྱ་བསྐྱེད་འབད་མི་ལུ་བརྟེན་ གོང་ཚད་ཚུ་ ཚར་༡༠ དེ་ཅིག་གིས་ ཡར་སེང་ སོང་ཡོདཔ་ཨིན་པས།
ད་རེས་ཀྱི་གནས་སྟངས་ནང་ ས་ཆ་ཚུ་ གོང་ཚད་མར་ཕབ་ཐོག་ལས་ བཙོང་དགོཔ་ཐོན་དོ་ཡོདཔ་ཨིན་རུང་ ཉོ་འདོད་ཡོད་མི་ཚུ་ལུ་ ཏི་རུ་མེདཔ་ལས་ ཕན་ཐོགས་བྱུང་མི་ཚུགས་པས་ཟེར་ཨིན་པས།
དགེ་ལེགས་ཕུག་ལུ་སྡོད་མི་ ཁག་འབགཔ་ཅིག་གིས་ ཚོད་བསྲེ་ཁྲོམ་གྱི་ ཉེ་འདབས་ལུ་ཡོད་པའི་ ས་ཆ་བཙོང་ནི་ལུ་ དཔའ་བཅམ་པའི་སྐབས་ ཌེ་སི་མཱལ་རེ་ལུ་ དངུལ་ཀྲམ་༡༢༠,༠༠༠ ཐོབ་པའི་ རེ་བ་བསྐྱེད་ཡོདཔ་ཨིན་རུང་ ཉོ་མི་ཐོན་ནི་མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དཔལ་འབྱོར་གྱི་གནས་སྟངས་ ཡར་དྲག་མ་འགྱོ་ཚུན་ལུ་ ས་ཆ་དེ་ མ་བཙོང་པར་ བསྒུག་སྡོད་ནི་ཨིན་ཟེར་ སླབ་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment