གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་སྲུང་འགག་པའི་ སྤེལ་དཔོན་ཅིག་ གཡོག་ནང་ལས་ བཏོན་བཏང་ཡོདཔ།

༡༥/༨/༢༠༡༢   ༉ ཟླཝ་༢ ལྷགཔ་ཅིག་གི་ཧེ་མར་ ཐིམ་ཕུའི་ཁྲིམས་སྲུང་འགག་པ་ སྤེལ་དཔོན་ཅིག་གིས་ ཨར་རྐུན་གྱི་ལཱ་ནང་ འབྲེལ་གཏོགས་འབད་བའི་དོགས་སྣང་ཐོག་ལས་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་བཞིན་དུ་ ད་རེས་ གཡོག་ནང་ལས་ བཏོན་བཏང་སྟེ་ ཁྲོམ་སྡེའི་ ཁྲིམས་སྲུང་འགག་པའི་སྡེ་ཚན་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ སྤེལ་དཔོན་དེ་ གཡོག་ནང་ལས་ བཏོན་མ་བཏང་པའི་ཧེ་མར་ ཨར་རྐུན་གྱི་ལཱ་ཚུ་ ངེས་བདེན་འབད་ཡོདཔ་ ཨིན་ན་མེན་ནའི་སྐོར་ལས་ བདེན་ཁུངས་བལྟ་འབད་ནིའི་དོན་ལུ་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ལྟེ་བའི་ འགོ་དཔོན་སྡེ་ཚན་ཅིག་གིས་ དབྱེ་ཞིབ་ཚུ་ མཐིལ་ཕྱིན་འབད་ཡི་ཟེར་ སླབ་ཨིན་པས།
དབྱེ་ཞིབ་འབད་མི་ སྡེ་ཚན་ལས་ སྙན་ཞུ་ལྷོད་མི་དང་འཁྲིལ་ཏེ་ ཁྲིམས་སྲུང་འགག་པ་ སྤེལ་དཔོན་དེ་ གཡོག་ནང་ལས་ བཏོན་བཏང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ད་རེས་ནངས་པ་ ཁྲོམ་སྡེའི་ཁྲིམས་སྲུང་འགག་པའི་ འགོ་དཔོན་སྡེ་ཚན་ཅིག་གིས་ གཡོག་ནང་ལས་ བཏོན་བཏང་མི་ སྤེལ་དཔོན་དེ་གིས་ ཁ་ལས་སླབ་མི་དང་ སྒྲུབ་བྱེད་བྱུང་མི་ཚུ་ རྟགས་མཐུན་མ་མཐུན་ བལྟ་ནིའི་དོན་ལུ་ དབྱེ་ཞིབ་ཚུ་ འབད་བའི་བསྒང་ཡོདཔ་ད་ དབྱེ་ཞིབ་ཀྱི་ལཱ་ཚུ་ མཇུག་བསྡུ་བའི་ཤུལ་ལས་རྐྱངམ་གཅིག་ གནད་དོན་དེ་ རྩོད་བཤེར་གྱི་དོན་ལས་ ཁྲིམས་འདུན་ལུ་ གཏང་ནི་ཨིན་ཟེར་ ཁྲིམས་སྲུང་འགག་པའི་ གནས་ཚུལ་བཤད་མི་ཅིག་གིས་ སླབ་ཨིན་པས།
ཀུར་སྟོད་ལས་ཨིན་མི་ སྤེལ་དཔོན་བགྲེསཔ་དེ་ལུ་ ཁོ་རའི་ གནས་ཚད་དང་མ་ལྡན་པའི་ རྒྱུ་དངོས་དང་ ཅ་ཆས་ཚུ་ འཆང་སྤྱོད་འབད་ཡོདཔ་ མཐོངམ་མ་ཚད་ གཞན་མི་སྒྲུབ་བྱེད་ཚུ་ལུ་ གཞི་བཞག་ཐོག་ལས་ སྤྱི་ཟླ་༦ པའི་ བདུན་ཕྲག་༢ པ་དེ་ཅིག་ལས་ ཁྲིམས་སྲུང་འགག་པའི  དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
སྤེལ་དཔོན་བགྲེསཔ་དེ་གིས་ ལྕགས་སྐུད་དང་ ལྡེ་མིག་མ་འདྲཝ་ཚུ་ ལག་ལེན་འཐབ་ཐོག་ལས་ ས་ཁོངས་ནང་བཞག་མི་ སྣུམ་འཁོར་ཚུ་ སྒོ་ཕྱེ་ཞིནམ་ལས་ ཏི་རུ་དང་ ཅ་ཆས་ཚུ་ བཏོན་འབག་ཡོདཔ་ཨིན་པས།
སྤེལ་དཔོན་བགྲེསཔ་དེ་གི་ དངུལ་ཁང་རྩིས་ཁྲ་ནང་ གསོག་འཇོག་འབོར་ཆེ་དྲགས་ཡོད་པའི་ ཁ་ཉེས་ཕོག་པའི་གུ་ ཁོ་གི་ཁྱིམ་ནང་ འགྲུལ་འཕྲིན་མོ་བཱ་ཡེལ་མ་འདྲཝ་ ཤོག་སྒྲོམ་གང་ མཐོང་ཡོདཔ་ཨིན་པས།
ཚར་གཅིག་འབདཝ་ད་ ཁྲིམས་སྲུང་འགག་པ་ཚུ་གིས་ དོགས་པ་ཅན་གྱི་ཁྱིམ་ནང་ འཚོལ་ཞིབ་འབད་བའི་སྐབས་ དངུལ་རྐྱང་༥༠,༠༠༠ མིག་ཤེལ་གནགཔོ་ དེ་ལས་ གློག་རིག་ཀམ་པུས་ཊར་ནང་བཙུགས་ནིའི་ པེན་ཌ་ཡེབ་ཚུ་ ཐོབ་ཡོདཔ་ཨིན་པས།
སྤེལ་དཔོན་བགྲེསཔ་དེ་གིས་ རེ་ཚེ་སྐབས་ སྣུམ་འཁོར་ཚུ་ སྒོ་སྒྲིག་གི་ཤེལ་ ཕྱེད་ཀ་ཕྱེ་བཞག་མི་ཚུ་ སྒོ་ཕྱེ་ཡོད་པའི་ ཟུན་ཁ་བཟེད་ཡོདཔ་སྦེ་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ འདས་པའི་དྲི་བ་དྲིས་ལན་ནང་ སླབ་ཡོདཔ་ཨིན།
དེ་མ་ཚད་ འདས་པའི་ སྔོན་འགྲོའི་ཞིབ་དཔྱད་ཅིག་འབད་བའི་སྐབས་ལུ་ ཁོ་གིས་ ལྕང་སྒང་ཁ་དང་ བཀྲིས་ཆོས་རྫོང་གི་ སྣུམ་འཁོར་བཞག་སའི་ ས་ཁོངས་ཚུ་ནང་ སྣུམ་འཁོར་ལེ་ཤ་ཅིག་ནང་ལས་ ཏི་རུ་ཨར་རྐུན་ འབད་ཡོད་པའི་ ཁ་བཟེད་ཡོདཔ་ཨིན་པས།
འདས་པའི་གནས་ཚུལ་ཅིག་ནང་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སྤེལ་དཔོན་བགྲེསཔ་དེ་ གོ་ས་ཐོབ་སྟེ་ ལོ་༤ ལང་ཡོདཔ་བཞིན་དུ་ དངུལ་ཕོགས་དང་ གཞན་མི་ཐོབ་ཁུངས་ཚུ་ ཁོ་རའི་ མཉམ་རོགས་གཞན་ཚུ་དང་ ཅོག་འཐདཔ་ཨིན་རུང་ ཁོ་རའི་ གནས་ཚད་དང་མ་ལྡན་པའི་ རྒྱུ་དངོས་ཚུ་ཡོད་པའི་ ངོས་འཛིན་བྱུང་མི་དང་འཁྲིལ་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཅི་ཟེར་ བཀོད་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment