གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བློན་ཆེན་མཆོག་གིས་ རྒེད་འོག་དང་མི་སེར་གྱི་བར་ན་ འཆམ་ཁ་བཟོ་གནང་ཡོདཔ།

༡༥/༨/༢༠༡༢   ༉ དབང་འདུས་ཕོ་བྲང་ ཨུ་ལ་སྤྱི་འོག་གི་ སོ་ནམ་ཞིང་ལམ་གསརཔ་ བསལ་ནིའི་ལཱ་ལུ་བརྟེན་ རྒེད་འོག་བདག་སྐྱོང་དང་ མི་སེར་དག་པ་ཅིག་གི་བར་ན་ རྩོད་རྙོགས་ཐོན་ཏེ་ ལོ་༡ དེ་ཅིག་ ལང་ཡོད་མི་དེ་ ཁ་ཉིནམ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཨ་ལུ་གཡུས་ཚན་ནང་བྱོན་ཏེ་ འཆམ་འགྲིགས་བཟོ་གནང་ཡི།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ ས་རུད་ཆད་མི་ ཨུ་ལ་ཞིང་ལམ་ལུ་ གཟིགས་པའི་བསྒང་།


རྒེད་འོག་དང་ གཡུས་མི་ཚུ་གི་བར་ན་ བྱ་སྟབས་མ་བདེཝ་ངོ་མ་ར་ སོ་ནམ་ཞིང་ལམ་གྱི་ གྲུབ་འབྲས་ལེགས་ཐོན་བྱུང་མ་ཚུགས་ནི་དེ་གིས་ཨིན་པས།
དེ་ཡང་ སྤྱི་འོག་གི་ འབྲུག་ཕུན་སུམ་ཚོགས་པའི་འགོ་འདྲེན་པ་ ཨྱོན་རྡོ་རྗེ་གིས་ རྒེད་འོག་གིས་ ལཱ་གི་གྲུབ་འབྲས་འཐོན་ནི་ལུ་ ཤུགས་མི་བཏོན་པས་ཟེར་ བློན་ཆེན་མཆོག་ལུ་ ཚར་ལེ་ཤ་ཅིག་ར་ བཅར་ཡོད་པའི་ཁར་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ རྫོང་ཁག་ལུ་ཡང་ སྙན་ཞུ་ཕུལ་ཡོདཔ་ཨིན་པས།
རིང་ཚད་ཀི་ལོ་མི་ཊར་༨.༥ འབད་མི་ སོ་ནམ་ཞིང་ལམ་དེ་ འཆར་གཞི་བཅུ་པའི་ནང་མེད་རུང་ འདེམས་ཁོངས་གོང་འཕེལ་མ་དངུལ་ དངུལ་ཀྲམ་༨༠༠,༠༠༠ ཀྱི་ཐོག་ལས་ སྤྱི་ལོ་༢༠༡༡ ཟླཝ་༦ པའི་ཚེས་༡༢ ལས་ ལམ་སེལ་གྱི་ལཱ་ འགོ་བཙུགས་ཡོདཔ་ཨིན་པས།
དེ་བསྒང་ མ་དངུལ་མ་ལངམ་ལས་ ཚར་ལེ་ཤ་ཅིག་ར་ མཚམས་འཇོག་འབད་དགོཔ་ཐོན་ཡོདཔ་ད་ དེ་ཡང་ ཨ་ཐང་དང་ ཐེད་ཚོ་འདེམས་ཁོངས་ཀྱི་འཐུས་མི་ པ་སངས་འཕྲིན་ལས་ཀྱིས་ གྲོགས་རམ་འབད་མི་ མ་དངུལ་དེ་ གོ་རིམ་༣ སྦེ་ བྱིན་ཡོདཔ་ད་ གོ་རིམ་དང་པའི་ནང་ དངུལ་ཀྲམ་འབུམ་༣ དང་ གོ་རིམ་༢ པའི་ནང་ འབུམ་༢ དེ་ལས་ གོ་རིམ་༣ པའི་ནང་ འབུམ་༣ བྱིན་ཡོདཔ་ཨིན་པས།
འདེམས་ཁོངས་གོང་འཕེལ་མ་དངུལ་གྱིས་ ལང་མ་ཚུགས་པ་ལུ་བརྟེན་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ལས་ གྲོགས་རམ་དངུལ་ཀྲམ་༣༣༠,༠༠༠ ལེན་ཡོདཔ་མ་ཚད་ ས་རྐོ་འཕྲུལ་༢ སོ་ནམ་ལྷན་ཁག་གིས་ གྲོགས་འབད་བའི་ཁར་ འཕྲུལ་ཆས་བཏང་མིའི་གླ་འཐུས་ ཟླཝ་གསུམ་གྱི་རིང་ ལྷན་ཁག་གིས་ གནང་ཡོདཔ་ཨིན་རུང་ ད་རུང་ མ་དངུལ་གྱིས་ ལང་མ་ཚུགསཔ་ལས་ ཞིང་ལམ་སེལ་ཏེ་ ཀི་ལོ་མི་ཊར་༡.༥ ལུ་ལྷོདཔ་ད་ བཤོལ་བཞག་དགོཔ་ ཐོན་ཡོདཔ་ཨིན་པས།
ཨྱོན་རྡོ་རྗེ་གིས་ ཉོགས་བཤད་བཀོད་མི་དེ་ཡང་ རྒེད་འོག་གིས་ ལཱ་ལེགས་ཤོམ་སྦེ་ འབད་མི་བཏུབ་པས་ཟེར་ཨིནམ་ད་ ཨིན་རུང་ རྒཔོ་རྒྱལ་མཚན་གྱིས་ འབད་བ་ཅིན་ ཞིང་ལམ་དེ་ འཆར་གཞི་ནང་ མ་ཚུད་པའི་ཁར་ མ་དངུལ་སྟབས་གཅིག་ཁར་ མ་ཐོབ་ནི་དེ་གིས་ ལཱ་འབད་ནི་ལུ་ དཀའ་ངལ་སྦོམ་ཐོན་ཡི་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གི་ལཱ་ཚུ་འབདཝ་ད་ ལམ་ལུགས་དང་མཐུན་པའི་ཐོག་ལུ་ འབད་དགོཔ་ལས་བརྟེན་ མི་ཚུ་གིས་ ཁོང་རའི་ མནོ་འདོད་དང་འཁྲིལ་ཏེ་ ག་ཐོབ་སླབ་ད་ལུ་ ངོས་ལེན་འབད་མི་ཚུགས་པས་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལམ་སེལ་ལཱ་དེ་ རང་བཞིན་གནས་སྟངས་ཀྱི་ ཁྲིམས་ལུགས་དང་འགལ་བའི་ ཉེས་ཆད་དངུལ་ཀྲམ་༢༠,༠༠༠ རྒེད་འོག་ལུ་ བཀལ་མི་དེ་ཡང་ ཨྱོན་རྡོ་རྗེ་གིས་ བར་དཀྲོགས་མ་འབད་བ་ཅིན་ མ་ཕོགཔ་འོང་ཟེར་ཨིནམ་ད་ དེ་ཡང་ ཉེས་ཆད་བཀལ་མིའི་ཉེན་ཁ་ ཨྱོན་རྡོ་རྗེ་དང་ མི་སེར་དག་པ་ཅིག་གིས་ འབག་ནི་ཨིན་ཟེར་ སྤྱི་ལོ་༢༠༡༡ གི་ ཟླཝ་༥ པའི་ཚེས་༣༠ དང་ སྤྱི་ཟླ་༦ པའི་ཚེས་༥ ལུ་ གན་རྒྱ་བཟོ་སྟེ་ ལཱ་འཕྲོ་མཐུད་འབད་ཡོདཔ་ད་ དེ་བསྒང་ རག་རོ་ཚུ་ ལམ་འོག་ལས་མར་ མི་ཊར་༡༠༠ དེ་ཅིག་ལུ་ བཀོག་བཞག་མི་ལུ་བརྟེན་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༢༤ ལུ་ རྫོང་ཁག་རང་བཞིན་གནས་སྟངས་ཡིག་ཚང་གིས་ ཉེས་ཆད་བཀལ་ཡོདཔ་ཨིན་པས།
རྒཔོ་གིས་འབད་བ་ཅིན་ དེ་བསྒང་ ཉེས་ཆད་དེ་ ཨྱོན་རྡོ་རྗེ་གིས་ འབག་ནི་ཨིན་ཟེར་སླབ་རུང་ ད་རེས་ ཉེས་ཆད་བཀལཝ་ད་ ཁོ་གིས་འབག་ནིའི་ལོ་རྒྱུས་ རྩ་ལས་མེད་པའི་ཁར་ ཉེས་ཆད་དེ་ཡང་ མི་སེར་ཚུ་ལས་ བསྡུ་ལེན་འབད་མ་ཆོགཔ་ལས་ རྒེད་འོག་ལུ་ར་ ཕོགཔ་མས་ཟེར་ སླབ་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཉེས་ཆད་ཕོག་མི་དེ་ རག་རོ་ཚུ་ ས་གནས་གཞན་ཁར་ བཀོ་ནིའི་དོན་ལུ་ མ་དངུལ་མེདཔ་ལས་བརྟེན་ ཐབས་མེད་པར་ ལམ་འོག་ལས་མར་ བཀོ་དགོཔ་ཐོན་གི་དེ་གིས་ ཨིན་པས།
གལ་སྲིད་མ་དངུལ་ ལངམ་ཡོད་པ་ཅིན་ རག་རོ་ཚུ་ རང་བཞིན་གནས་སྟངས་ལུ་ གནོད་ཉེན་མེད་པའི་ས་ཁར་ བཀོ་བཀོཝ་འོང་ཟེར་ཨིན་པས།
རྒེད་འོག་བདག་སྐྱོང་གིས་འབད་བ་ཅིན་ ཨྱོན་རྡོ་རྗེ་གིས་ རྒེད་འོག་ལས་གནང་བ་མེད་པར་ མི་སེར་ཚུ་བཀུག་སྟེ་ ས་གནས་སྤང་བཟའ་མཐའ་མ་ཟེར་སར་ འདུ་འཛོམས་འབད་མི་དེ་ ལམ་ལུགས་ལས་ འགལ་བ་བཟུམ་ཅིག་ མཐོངམ་མས་ཟེར་ སླབ་ཨིན་པས།
འབྲུག་གི་ བཙག་འཐུ་ལྷན་ཚོགས་ཀྱི་ བཙག་འཐུ་གཙོ་འཛིན་འགོ་དཔོན་ ཕུརཔ་རྡོ་རྗེ་གིས་ འབད་བ་ཅིན་ ཨྱོན་རྡོ་རྗེ་གིས་ མི་སེར་འདུ་འཛོམས་འབད་མི་དེ་ གོང་འཕེལ་ལཱ་གི་ གྲུབ་འབྲས་དང་འབྲེལ་བ་ཡོད་པ་ཅིན་ འབད་ཆོགཔ་འོང་ཟེར་ཨིན་པས།
གལ་སྲིད་ འདུ་འཛོམས་དེ་ སྲིད་འབྲེལ་གནད་དོན་ཨིན་པ་ཅིན་ ཁྲིམས་ལུགས་དང་འགལ་བ་ཨིན་རུང་ ད་ལྟོ་ གནད་དོན་ལེགས་ཤོམ་སྦེ་ ཧ་མ་གོཝ་ལས་ ཁ་གསལ་སྦེ་ སླབ་མི་ཚུགས་པས་ཟེར་ སླབ་ཨིན་པས།
ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ འདུ་འཛོམས་དེ་ སྤྱི་འོག་གི་ཚོགས་པ་ལས་ གནང་བ་ལེན་ཡི་ཟེར་ སླབ་མི་དེ་ལུ་ ཚོགས་པ་བཀྲིས་ཀྱིས་ འབད་བ་ཅིན་ གནང་བ་མ་ལེན་ཟེར་ སླབ་ཨིན་པས།
ཨིན་རུང་ བློན་ཆེན་འཇིགས་མེད་འཕྲིན་ལས་ཀྱིས་ གསུངས་མིའི་ནང་ རྒཔོ་དང་ ཨྱོན་རྡོ་རྗེ་གི་བར་ན་ བྱ་སྟབས་མ་བདེཝ་ ཐོན་མི་ལུ་ལྟཝ་ད་ ཁོང་གཉིས་ཆ་ར་གིས་ ལམ་གྱི་གྲུབ་འབྲས་ལུ་ ཚ་གྱང་འབག་སྟེ་ ལཱ་འབད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིནམ་ད་ ཨིན་རུང་ གྲུབ་འབྲས་ལུ་ བར་རྐྱེན་བྱུང་མི་དེ་ཡང་ ཞིང་ལམ་དེ་ འཆར་གཞི་ནང་མ་ཚུདཔ་ལས་ མ་དངུལ་མ་ལང་པའི་ཁར་ ལམ་བཏོན་ས་ བྱག་གུ་ལས་ཕར་འབདཝ་ད་ དེའི་གྲུབ་འབྲས་ལུ་ ཐོ་སྦོམ་ཕོག་ནུག་ཟེར་ཨིན་པས།
བློན་ཆེན་གྱིས་ དེ་ཁར་འཛོམས་མི་ ཁྱིམ་གུང་པ་༢༡ དེ་ཅིག་གི་ མི་གྲངས་༡༠༠ ལྷགཔ་ཅིག་ལུ་ ལཱ་ག་ཅི་རང་འབད་རུང་ མཐུན་ལམ་གྱི་ཐོག་ལས་ འབད་དགོ་ཟེར་ ཡང་བསྐྱར་དུ་ གསུངས་གནང་པའི་ཁར་ རྒཔོ་དང་ ཨྱོན་རྡོ་རྗེ་ཡང་ ལོག་འཆམ་དགོཔ་སྦེ་ གསུངས་གནངམ་མ་ཚད་ ལགཔ་གཅིག་ཁར་ མཐུད་གནང་ཡོདཔ་ཨིན་པས།
རྒཔོ་དང་ ཨྱོན་རྡོ་རྗེ་དེ་ ཞིང་ལམ་གྱི་ རྩོད་རྙོགས་ལུ་བརྟེན་ ཟླཝ་༤ དེ་ཅིག་ ཁ་མ་སླབ་པར་ སྡོད་ཡོདཔ་ཨིན་པས།
ཨུ་ལ་སྤྱི་འོག་གི་ ཁྱིམ་གུང་པ་༢༡ གི་དོན་ལུ་བསལ་མི་ སོ་ནམ་ཞིང་ལམ་གྱི་ལཱ་ འཕྲོ་མཐུད་དེ་ འགོ་བཙུགས་ནིའི་དོན་ལུ་ གཞུང་གིས་ གྲོགས་རམ་མ་དངུལ་ དངུལ་ཀྲམ་ས་ཡ་༤ གནང་ནི་ཨིན་པས།
དེ་གི་དོན་ལུ་ འདས་པའི་བདུན་ཕྲག་ནང་ རྫོང་ཁག་གི་ འགོ་དཔོན་ཚུ་གིས་ བརྟག་ཞིབ་ཚུ་ འབད་ཡོདཔ་བཞིན་དུ་ ཀི་ལོ་མི་ཊར་༨.༥ འབད་མི་ ཞིང་ལམ་དེ་ལུ་ ཟད་འགྲོ་དངུལ་ཀྲམ་ ས་ཡ་༡༣ ལྷགཔ་ཅིག་ གནས་ནི་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment