གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་རྒྱལ་རབས་བསྐྱར་སྒྲིག་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ།

༡༣/༨/༢༠༡༢   ༉ འབྲུག་གི་རྒྱལ་རབས་བསྐྱར་སྒྲིག་དང་ བསྐྱར་ཞིབ་འབད་དགོ་པའི་ གནད་དོན་ཚུ་ཡོད་པའི མངོན་གསལ་བྱུང་མི་ལུ་བརྟེན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ལུ་ བཀའ་རྒྱ་གནང་མི་དང་འཁྲིལ་ ལྷན་ཁག་གིས་ སྲོལ་འཛིན་ལས་ཁུངས་ལུ་ རྒྱལ་རབས་བསྐྱར་སྒྲིག་ལས་འགུལ་ཅིག་ འགོ་འདྲེན་འཐབ་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།


ལས་འགུལ་དེ་གི་ གྲོས་གཞི་ལུ་ ཆ་འཇོག་གི་གནང་བ་ཐོབ་སྟེ་འབད་བ་ཅིན་ དུས་ཡུན་ལོ་༥ འགོར་ནི་ཨིན་མི་ རྒྱལ་རབས་བསྐྱར་སྒྲིག་གི་ ལས་འགུལ་དེ་ལུ་ མ་དངུལ་ས་ཡ་༣༠༠ དེ་ཅིག་ གནས་ནི་ཨིན་པས།
སྲོལ་འཛིན་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་དགོངས་དང་འཁྲིལ་ཏེ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་ རྒྱལ་རབས་བསྐྱར་སྒྲིག་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
ལས་འགུལ་དེ་གི་ འགན་འཛིན་དེ་ ལས་ཁུངས་ཀྱིས་ རྒྱལ་ཡོངས་དཔེ་མཛོད་ཁང་ལུ་ འགན་སྤྲོད་འབད་མི་དང་འཁྲིལ་ ཞལ་འཛོམས་ཐེངས་༣ དེ་ཅིག་འཚོགས་ཏེ་ ཞིབ་འཚོལ་སྡེ་ཚན་དང་ བཀོད་ཚོགས་སྡེ་ཚན་ཚུ་ གཞི་བཀོད་འབད་དེ་ འཐུས་མི་ཚུ་ཡང་ ངོས་འཛིན་འབད་ཡོདཔ་ཨིན་པས།
འདས་པའི་བདུན་ཕྲག་ནང་འཚོགས་མི་ ཞལ་འཛོམས་ཐེངས་༣ པའི་ནང་ ལས་འགུལ་གྱིས་ གཞི་བཀོད་ཟིན་བྲིས་ཅིག་ ཐག་བཅད་དེ་ ལྷན་ཁག་ལུ་ ཕུལ་ཡོདཔ་བཞིན་དུ་ ལྷན་ཁག་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གཟིགས་འབུལ་ཕུལ་ནི་ཨིན་པས།
ཞིབ་འཚོལ་སྡེ་ཚན་གྱི་འཐུས་མི་ གཙོ་ཅན་ཅིག་ཨིན་མི་ རྒྱལ་ཡོངས་དཔེ་མཛོད་ཁང་གི་ ཞིབ་འཚོལ་གཙོ་འཛིན་འགོ་དཔོན་ ཌོག་ཊར་ ཡོན་ཏན་དར་རྒྱས་ཀྱིས་ སླབ་མིའི་ནང་ ཟིན་བྲིས་བཀོད་མི་ ལས་འགུལ་གྱི་ གཞི་བཀོད་དང་འཁྲིལཝ་ད་ ཞིབ་འཚོལ་སྡེ་ཚན་གྱིས་ ཟླཝ་༦ རེའི་ནང་ ཚར་རེ་ ཞིབ་འཚོལ་སྙན་ཞུ་ཚུ་ བཀོད་ཚོགས་ལུ་ བསྐྱར་ཞིབ་དོན་ལས་ ཕུལ་དགོཔ་སྦེ་ཡོད་ཟེར་ཨིན་པས།
དེ་ལས་ རྒྱལ་རབས་ཀྱི་ གནས་རིམ་ཚུ་ཡང་ སྔོན་རབས་དང་ རྒྱལ་རབས་སྔ་ཆ་དང་ དེ་ལས་ བར་ཁམས་ལོ་རྒྱུས་ ཞབས་དྲུང་གི་སྐབས་ལུ་དང་ ཞབས་དྲུང་གི་ཕྱིས་བྱུང་རྒྱལ་རབས་ དེ་ལས་ཚར་ སྤྱི་ལོ་༢༠༠༨ ཀྱི་ དམངས་གཙོའི་རིང་ལུགས་ཀྱི་ གནས་སྐབས་ཚུན་ རྒྱལ་རབས་བསྐྱར་སྒྲིག་འབད་ནི་གི་ དམིགས་ཡུལ་ཨིན་ཟེར་ཨིན་པས།
ད་རུང་ རྒྱལ་ཡོངས་དཔེ་མཛོད་ཀྱི་ ཞིབ་འཚོལ་གཙོ་འཛིན་འགོ་དཔོན་ མགོན་པོ་ཚེ་རིང་གིས་ སླབ་མིའི་ནང་ ད་ལྟོ་ཡོད་མི་ རྒྱལ་རབས་ཀྱི་དེབ་ཚུ་ མང་ཤོས་ར་ ནང་འཁོད་ཀྱི་ཚེས་གྲངས་དང་ ལོ་རྒྱུས་ཀྱི་བཤད་ཚུལ་ཚུ་མ་མཐུན་པའི་ གནས་སྟངས་ཡོདཔ་མ་ཚད་ དཔེར་ན་ རྒྱལ་རབས་ལ་ལུ་ཅིག་ནང་ རྒྱལ་ཡོངས་ཚོགས་འདུ་འགོ་དང་པ་ སྤྱི་ལོ་༡༩༥༣ ལུ་ འཚོགས་ཡོད་མི་དེ་ སྤྱི་ལོ་༡༩༦༥ ལུ་འཚོགས་ཡོདཔ་སྦེ་ཡང་ མཐོང་གསལ་བྱུངམ་ལས་ དེ་ཚུ་ལུ་བལྟ་བ་ཅིན་ དག་བཅོས་དང་ བསྐྱར་ཞིབ་མ་འབད་བར་ མི་གཅིག་གི་ཞིབ་འཚོལ་ལུ་ གཞི་བཞག་སྟེ་ བརྩམས་མི་ཚུ་ཨིན་པའི་ གསལ་སྟོན་འབདཝ་མས་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་རབས་ཀྱི་ དུས་ཚོད་ཚུ་གི་བར་ན་ཡང་ ཁྱད་པར་སྦོམ་འདུག་ཟེར་ཨིནམ་ད་ དེ་ཡང་ དཔེ་འབད་བ་ཅིན་ གུ་རུ་རིན་པོ་ཆེ་ འབྲུག་ལུ་བྱོན་པའི་ཤུལ་ལས་ བོད་ཀྱི་མཁས་དབང་དང་ བླམ་ཚུ་ འབྲུག་ལུ་བྱོན་ནི་ འགོ་བཙུགས་པའི་རིང་ལུ་ རབ་བྱུང་༨ པ་ལས་ རབ་བྱུང་༡༡ དེ་ཅིག་གི་བར་ན་ འབྲུག་གི་རྒྱལ་རབས་ཀྱི་ ལོ་རྒྱུས་བར་སྟོང་སྦེ་ ལུས་ཡོད་མི་དེ་ ག་གིས་ཡང་ ད་ལྟོ་ཚུན་ ཞིབ་འཚོལ་ཐོག་ བཀོད་བཀོདཔ་དཀོན་པས་ཟེར་ཨིན་པས།
ལས་འགུལ་དེ་གི་ ཞིབ་འཚོལ་འཐུས་མི་ཚུ་གིས་འབད་བ་ཅིན་ རྒྱལ་རབས་བསྐྱར་སྒྲིག་གི་ལཱ་དེ་ རྒྱལ་ཁབ་ཀྱི་ རང་དབང་རང་བཙན་དང་ ངོ་རྟགས་ དེ་ལས་ མ་འོངས་པའི་ ཤེས་ཡོན་གྱི་གཞི་གནས་ཅིག་ འོང་དགོཔ་ཨིནམ་ལས་ ཚ་གྱང་སྦོམ་ཡོད་ཟེར་ཨིན་པས།
ད་ཚུན་ ལས་འགུལ་དེ་གི་ ཞིབ་འཚོལ་དང་ བཀོད་ཚོགས་སྡེ་ཚན་གྱིས་ ཞིབ་འཚོལ་དོན་ལུ་ ལག་ལེན་འཐབ་དགོ་པའི་ རྫོང་ཁ་ཐོག་གི་ དཔེ་དེབ་༡༦༧ དེ་ཅིག་དང་ རྒྱལ་རབས་དང་ ཆོས་བྱུང་གི་རིགས་༢༨ དེ་ལས་ ཨིང་སྐད་ཐོག་གི་ དཔེ་དེབ་༢༠༠ ལྷགཔ་ཅིག་ ངོས་འཛིན་ཐོ་བཀོད་འབད་ཡོདཔ་མ་ཚད་ ད་རུང་ དེ་བཟུམ་མའི་ དཔེ་དེབ་ལེ་ཤ་ཅིག་ འཚོལ་ཞིབ་འབད་དགོཔ་ཡོད་ཟེར་ བཤདཔ་ཨིན་པས།
དེ་མ་ཚད་ ཁྱིམ་ཚང་རྒྱལ་ཁབ་ཀྱི་ ས་མཚམས་མངའ་སྡེའི་ ལོ་རྒྱུས་དང་ རྒྱལ་རབས་ཚུ་ན་ཡང་ ཞིབ་འཚོལ་འབད་དགོཔ་ཚུ་ ཁག་ཆེཝ་སྦེ་ ངོས་འཛིན་འབད་ཡི་ཟེར་ཨིན་པས།
ལས་འགུལ་དེ་གི་སྔོན་འགྲོའི་ གྲ་སྒྲིག་ཚུ་ འགོ་བཙུགས་ཡོདཔ་བཞིན་དུ་ ལས་འགུལ་གྱི་ གཞི་བཀོད་ཟིན་བྲིས་དེ་ ཆ་འཇོག་ཐོག་ ལས་འགུལ་གྱི་མ་དངུལ་དེ་ འཐོབ་པ་ཅིན་ དེ་འཕྲོ་ལས་ འགོ་བཙུག་ནི་གི་ འཆར་གཞི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment