གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཨམ་སྲུ་དང་པ་དང་གཞོན་ཤོས།

༧/༨/༢༠༡༢    ༉ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་བཀྲིས་ཆོས་འཛོམས་དེ་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ བསྐོ་བཞག་གནང་མི་དང་བསྟུན་ མངོན་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་བློན་པོ་རྩིས་ཏེ་ དྲང་དཔོན་༥ ག་ར་ཚང་ཡོདཔ་ཨིན་པས།
དྲང་དཔོན་བཀྲིས་ཆོས་འཛོམས།


དེ་ཡང་ རང་ལུགས་གནམ་ལོ་ཆུ་ཕོ་འབྲུག་ལོ་ཟླ་༦ པའི་ཚེས་༡༦ སྤྱི་ལོ་༢༠༡༢ ཟླ་༨ པའི་ཚེས་༣ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ བཀྲིས་ཆོས་འཛོམས་དེ་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༡ རྩ་དོན་༥ པའི་དགོངས་དོན་དང་འཁྲིལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐུ་ཉིད་ཀྱི་ ཕྱག་རྟགས་དང་ ཕྱག་དམ་ཅན་གྱི་ བཀའ་ཐམ་ཐོག་ལུ་ བསྐོ་བཞག་གནང་ནུག།
དྲང་དཔོན་བཀྲིས་ཆོས་འཛོམས་དེ་ མངོན་མཐོ་ཁྲིམས་འདུན་གྱི་ ཨམ་སྲུ་དྲང་དཔོན་དང་པ་ཨིན་པ་གིས་མ་ཚད་ འབྲུག་གི་དྲག་ཁྲིམས་ལྷན་སྡེའི་ནང་ རྒྱལ་རབས་ཅན་ཅིག་སྦེ་ གནས་ནི་ཨིན་པས།
རྩ་ཁྲིམས་ཆེན་མོ་དང་འཁྲིལ་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚུ་གི་གྲས་ལས་ བསྐོ་བཞག་གྲུབ་མི་ བཀྲིས་ཆོས་འཛོམས་དེ་ མངོན་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་བློན་པོ་གིས་གཙོས་པའི་ དྲང་དཔོན་༤ གི་གྲས་ལས་ གཞོན་ཤོས་ཅིག་ཨིན་མི་དེ་ཡང་ ད་ལྟོ་  སྐྱེས་ལོ་༤༢ ལངམ་ཅིག་འབད་ནི་འདི་གིས་ཨིན་པས།
སྤྱི་ལོ་༢༠༡༠ ཟླ་༢ པའི་ཚེས་༢༡ ལུ་ མངོན་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་དང་པ་སྦེ་ གསང་བའི་དམ་བཅའ་ཕུལ་མི་ ཁྲིམས་སྤྱི་བློན་པོ་བསོད་ནམས་སྟོབས་རྒྱས་དེ་ དགུང་ལོ་༦༢ བཞེས་ཡོདཔ་ད་ དྲང་དཔོན་གཞན་ དྲགོས་རིག་འཛིན་རྒྱལ་མཚན་དེ་ཡང་ སྐྱེས་ལོ་༦༢ ལང་ཡོདཔ་མ་ཚད་ དྲང་དཔོན་ཚེ་རིང་དབང་ཕྱུག་དང་ དྲང་དཔོན་རིག་འཛིན་དཔལ་འབྱོར་གཉིས་ཆ་ར་ སྐྱེས་ལོ་༤༨ ལང་ཡོདཔ་བཞིན་དུ་ དྲང་དཔོན་གསུམ་ཡང་ ཁྲིམས་སྤྱི་བློན་པོ་དང་གཅིག་ཁར་ དུས་མཉམ་ལུ་ གསང་བའི་དམ་བཅའ་ འམ་ ངོས་ལེན་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕུལ་ཡོདཔ་ཨིན་པས།
རྩ་ཁྲིམས་ཆེན་མོ་དང་འཁྲིལ་བ་ཅིན་ འབྲུག་གི་ཁྲིམས་སྤྱི་བློན་པོའི་ གནས་ཡུན་དེ་ ལོ་ངོ་༥ འམ་ སྐྱེས་ལོ་༦༥ ལོན་མི་གཉིས་ལས་ ག་ཧ་མི་དེ་ལུ་ གནས་ནི་དང་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚུ་ ལོ་ངོ་༡༠ ཡང་ཅིན་ སྐྱེས་ལོ་༦༥ ལོན་མི་གཉིས་ལས་ ག་ཧ་མི་ལུ་ གནས་དགོཔ་ཨིན་པས།
ན་ཚོད་གཞོནམ་ལས་ ཆེ་རིམ་གྱི་ གོ་གནས་ནང་ བསྐོ་བཞག་གནང་མི་དེ་གིས་ མོ་ར་ ཉམ་ཆུང་གི་ གུས་ཞབས་ཅན་ཅིག་ལུ་ བཟོ་ད་ཡི་ཟེར་ སྤྱི་ལོ་༡༩༩༥ ལུ་ ཁྲིམས་སྡེའི་ནང་ ཕྱག་ཞུ་ནི་ འགོ་བཙུགས་མི་ དྲང་དཔོན་བཀྲིས་ཆོས་འཛོམས་ཀྱིས་ བཤད་པའི་ཁར་ གོངམ་གིས་ ང་ལུ་ ཐུགས་གཏད་གནངམ་བཞིན་དུ་ ངེ་གི་ཁ་ཐུག་ལས་འབད་རུང་ ཅི་ལྕོགས་གང་ཤེས་ཀྱི་སྒོ་ལས་ ཕྱག་ཞུ་འོང་ཟེར་ སླབ་ཨིན་པས།
མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚུ་ རྒྱལ་ཡོངས་ཁྲིམས་སྡེ་ལྷན་ཚོགས་ལུ་ དྲི་བསྟུན་མཛད་དེ་ འབྲུག་རྒྱལ་པོ་མཆོག་གིས་ ཆེ་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ ཡང་ཅིན་ ཁྱད་ལྡན་ཁྲིམས་ཀྱི་ མཁས་མཆོག་ཚུ་གི་གྲས་ལས་ བསྐོ་བཞག་གནངམ་བཞིན་དུ་ རྒྱལ་ཡོངས་ཁྲིམས་སྡེ་ལྷན་ཚོགས་ཀྱི་གྲངས་སུ་ ཁྲི་འཛིན་སྦེ་ འབྲུག་གི་ཁྲིམས་སྤྱི་བློན་པོ་དང་ མངོན་མཐོ་ཁྲིམས་འདུན་གྱི་ རྒན་རིམ་མཐོ་ཤོས་ཀྱི་དྲང་དཔོན་ རྒྱལ་ཡོངས་ཚོགས་འདུའི་ཁྲིམས་དོན་ཚོགས་ཆུང་གི་ཁྲི་འཛིན་ དེ་ལས་ རྩོད་དཔོན་ཡོངས་ཁྱབ་ཚུ་ ཚུདཔ་ཨིན་པས།
མངོན་མཐོ་ཁྲིམས་འདུན་དེ་ ཆེ་མཐོ་ཁྲིམས་འདུན་གྱི་འཁྲུན་ཆོད་ ཡང་ཅིན་ བཀའ་རྒྱ་ གྲོས་ཆོད་ཚུ་ལུ་བརྟེན་པའི་ གནད་དོན་ཆ་མཉམ་གྱི་སྐོར་ལས་ མཐོ་གཏུགས་འབད་སའི་ དབང་འཛིན་མཐོ་ཤོས་ཅིག་ཨིན་པའི་ཁར་ མངོན་མཐོ་ཁྲིམས་འདུན་དེ་གི་ འཁྲུན་ཆོད་དང་བཀའ་རྒྱ་ཚུ་ བསྐྱར་ཞིབ་འབད་ནིའི་ དབང་ཚད་ཡོདཔ་ཨིན།
ད་རེས་ནངས་པ་ མངོན་མཐོ་ཁྲིམས་འདུན་དེ་ ཧེ་འཇོ་ལུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ལུ་བརྟེན་ གནས་སྐབས་ཅིག་གི་དོན་ལུ་ ཀུན་དགའ་ཆོས་གླིང་རྒྱལ་ཁམས་ཀྱི་ མགྲོན་ཁྱིམ་ནང་ གཞི་བཙུགས་ འབད་དེ་ཡོདཔ་ཨིན།
དེ་འབདཝ་ད་ མངོན་མཐོ་ཁྲིམས་འདུན་ཀྱི་ དྲང་དཔོན་ཚུ་ག་ར་ ཚང་ཡོད་རུང་ ཆེ་མཐོ་ཁྲིམས་འདུན་ནང་ དྲང་དཔོན་༥ བསྐོ་བཞག་འབད་དགོཔ་ ཡོདཔ་ལས་ ལོ་ངོ་༢ ཚུན་ ས་སྟོང་བསུབ་མ་ཚུགས་པར་ དེ་སྦེ་ར་ ལུས་ནི་ཨིན་པས།
རྒྱལ་ཡོངས་ཁྲིམས་སྡེ་ལྷན་ཚོགས་ཀྱི་ འཐུས་མི་ཅིག་གིས་ སླབ་མིའི་ནང་ ཁྲིམས་འདུན་འོག་མ་ལས་སྦེ་ ཆེ་མཐོ་ཁྲིམས་འདུན་ལུ་ འོང་དགོ་མི་ ད་ལྟོའི་ རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་ཚུ་ དྲང་ཁྲིམས་ལྷན་སྡེའི་ནང་ དམའ་ཤོས་ར་ ལོ་ངོ་༢༠ ཕྱག་ཞུ་དགོ་པའི་ ཁྲིམས་ཡིག་ ཡོད་ནི་དེ་གིས་ཨིན་པས།
དེ་འབདཝ་ལས་ ཆེ་མཐོ་ཁྲིམས་འདུན་དེ་ ལོ་ངོ་༢ ཚུན་ ཁྲིམས་སྤྱི་ངོ་ཚབ་དང་ དྲང་དཔོན་གཞན་༣ གྱི་ཐོག་ལུ་ བསྟར་སྤྱོད་འབད་དགོཔ་འོང་ཟེར་ འཐུས་མི་དེ་གིས་ བཤདཔ་ཨིན་པས།
རྩ་ཁྲིམས་ཆེན་མོ་དང་འཁྲིལ་བ་ཅིན་ ཆེ་མཐོ་ཁྲིམས་གྱི་འདུན་སར་ ཁྲིམས་སྤྱི་རྩིས་དེ་ དྲང་དཔོན་༩ བསྐོ་བཞག་གནང་དགོཔ་ཨིན་རུང་ ད་ཚུན་གྱི་བར་ན་ ཁྲིམས་ཁྲི་༢ ནང་ དྲང་དཔོན་༢ རེ་འབདཝ་ད་ དྲང་དཔོན་༤ ལས་བརྒལ་མེདཔ་མ་ཚད་ ཁྲིམས་ཁྲི་དེ་གཉིས་ལས་ མཐོ་གཏུགས་འབད་བ་ཅིན་ ཁྲིམས་སྤྱི་ངོ་ཚབ་ཀྱིས་ འགོ་ཁྲིད་འབད་དེ་ དྲང་དཔོན་༤ གིས་ སྙན་གསན་ མཛདཔ་ཨིན་པས།
ད་རེས་ བཀྲིས་ཆོས་འཛོམས་དེ་ མངོན་མཁོ་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ བསྐོ་བཞག་གནང་མི་དང་བསྟུན་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༡ ནང་ དྲང་དཔོན་ཕུད་རྡོག་གཅིག་ལས་ མི་འོང་ནི་ཨིནམ་ལས་ སྙན་གསན་གྱི་ ལས་འཆར་ཚུ་ བསྐྱར་བཟོ་འབད་དགོཔ་འོང་ཟེར་ ཁྲིམས་སྤྱི་ངོ་ཚབ་ སངས་རྒྱས་མཁའ་འགྲོ་གིས་ བཤད་པའི་ཁར་ ད་ལྟོ་ མཐོ་གཏུགས་ཀྱི་ རྩོད་གཞི་བསྣར་འགྱངས་ལུས་ལུསཔ་༡༧༣ ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment