གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་གྲྭ་ཚང་གིས་ གླ་འཐུས་གནང་མ་བཏུབ་པའི་ཉོགས་བཤད།

༦/༨/༢༠༡༢   གླ་འཐུས་གནང་མ་བཏུབ་ཟེར་མི་དེ་ ཆུ་ཞིང་བགོ་མཐུན་བཟའ་མི་ཚུ་གིས་ སྙན་ཞུ་མ་འབད་བ་ལུ་བརྟེན་ ཨིནམ་འོང་ནི་མས་ཟེར་ གཞུང་གྲྭ་ཚང་གི་ ཡོངས་ཁྱབ་དྲུང་ཆེན་ མགོན་པོ་རྡོ་རྗེ་གིས་ སླབ་ཨིན་པས།

༉ སྤུ་ན་ཁ་དེ་ རྒྱལ་ཁབ་ནང་ འབྲུ་སྣ་འབྱ་འཚོ་སའི་ རྫོང་ཁག་ངོ་མ་ཅིག་ཨིནམ་བཞིན་དུ་ རྫོང་ཁག་གི་ རྒེད་འོག་༡༡ ག་རའི་ནང་ འབྱ་ཞིང་ཚུ་གིས་ ཁྱབ་ཡོད་སར་མཐོངམ་ཨིན་རུང་ ཆུ་ཞིང་ཚུ་ མང་ཤོས་ར་ གཞུང་དགེ་འདུན་གྲྭ་ཚང་གི་ མཚན་ཐོ་ལུ་ཡོདཔ་ཨིན་པས།
ལོད་སྦིས་ས་ལུ་ མཐོང་གསལ་བྱུང་མི་ གཞུང་གྲྭ་ཚང་གི་ཆུ་ཞིང་།


གཞུང་གྲྭ་ཚང་ལུ་ འབྱ་ཞིང་ཨེ་ཀར་༨༠༠ ལྷགཔ་ཅིག་ཡོད་མི་ག་ར་ ད་ལྟོའི་བར་ན་ཡང་ གཡུས་མི་ཚུ་གིས་ བགོ་མཐུན་ཐོག་ བཟའ་སྤྱོད་འབད་དོ་ཡོདཔ་ཨིན་རུང་ ད་རེས་ སྟབས་མ་བདེཝ་དེ་ར་ ཞིང་ཆུའི་གཡུར་བ་ ཉམས་གསོ་འབད་བའི་སྐབས་ གཞུང་གྲྭ་ཚང་གིས་ གླ་འཐུས་གནང་མ་བཏུབ་མི་དེ་ཨིན་ཟེར་ཨིན་པས།
དེ་ཡང་ བགོ་མཐུན་བཟའ་མི་ཚུ་གིས་འབད་བ་ཅིན་ འཕྲལ་འཕྲལ་སྦེ་ར་ ཆུ་གཡུར་ཉམས་བཅོས་ཀྱི་ལཱ་ཚུ་ ལོ་དང་ཟླཝ་ལས་བཅད་དེ་ འབད་དགོ་པའི་སྐབས་ གླ་འཐུས་མེད་ནི་དེ་གིས་ དཀའ་ངལ་ཐོནམ་མས་ཟེར་ སླབ་ཨིན་པས།
བགོ་མཐུན་བཟའ་མི་ཚུ་གི་གྲས་ལས་ སྐྱེས་ལོ་༥༠ འབད་མི་ གཡུས་ཚན་ཅིག་གི་ཚོགས་པ་ ཀུན་ལེགས་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཁོ་གི་ གཡུས་ཁའི་མི་ཚུ་གིས་ ད་ཚུན་གྱི་བར་ན་ ཉམས་བཅོས་ཀྱི་ལཱ་ ག་ཅི་བཟུམ་འབད་རུང་ གླ་འཐུས་ག་ནི་ཡང་ གནང་གནངམ་མེད་ཟེར་ཨིནམ་ད་ གལ་སྲིད་ འཐུས་དགོ་པའི་སྐོར་ལས་ ཞུ་བ་ཅིན་ གྲྭ་ཚང་གིས་ ལཱ་འབད་མ་ཚུགས་པ་ཅིན་ བཀོ་བཞག་ཟེར་ གསུངསམ་མས་ཟེར་ཨིན་པས།
ཀུན་ལེགས་དཔལ་འབྱོར་གྱིས་ གྲྭ་ཚང་གི་ ཆུ་ཞིང་ཨེ་ཀར་༡.༥༠ དེ་ཅིག་ བཟའ་སྤྱོད་འབད་དོ་ཡོདཔ་ད་ གལ་སྲིད་ ཁོ་གིས་ ལཱ་མ་འབད་བར་ བཀོ་བཞག་པ་ཅིན་ ཁོ་ལུ་ བཟའ་ཚང་གསོ་སྐྱོང་འཐབ་ནི་གི་ བདག་དབང་གི་ས་ཆ་མེདཔ་ལས་ བྱ་ཐབས་མེད་ར་ ལཱ་འབད་དགོཔ་ཐོནམ་མས་ཟེར་ཨིན་པས།
སྟོདཔ་རྒེད་འོག་ བྱི་ལི་ཁ་ལས་ སྐྱེས་ལོ་༣༡ ལང་མི་ ཚེ་རིང་དཔལ་འབྱོར་གྱིས་ སླབ་མིའི་ནང་ མ་གཞི་ ཆུ་ཞིང་བགོ་མཐུན་བཟའཝ་ད་ དུམ་གྲ་ཅིག་ ཐོག་རྒྱུ་བཟའ་མི་ཚུ་ལུ་ ཁེ་ཕན་ཡོད་རུང་ བྱ་སྟབས་མ་བདེཝ་དེ་ར་ ཆུ་གཡུར་ཉམས་བཅོས་ཀྱི་ ལཱ་འབད་བའི་སྐབས་ ཐོནམ་མས་ཟེར་ཨིནམ་ད་ དེ་ཡང་ དཔེ་འབད་བ་ཅིན་ དགོན་ས་གཡུས་ཚན་ནང་ ཉམས་བཅོས་ཀྱི་ལཱ་ ལོ་༡ འབད་རུང་ གླ་འཐུས་ག་ནི་ཡང་ མ་ཐོབ་ཟེར་ཨིན་པས།
མི་སེར་སོ་ནམ་པ་ཚུ་གི་དོན་ལུ་ ཉིནམ་༡ ལཱ་ཆད་པ་ཅིན་ བཟའ་ནི་དཀོན་དོ་ཡོདཔ་ལས་ ལོ་ལས་བཅད་དེ་ ལཱ་འབདཝ་ད་ འཐུས་ཀྱི་ཐད་ཁར་ ངེས་པར་དུ་ གནང་དགོཔ་བཟུམ་ཅིག་ འདུག་ཟེར་ཨིན་པས།
དེ་བཟུམ་གྱི་ གནས་སྟངས་དེ་ མགུ་མ་དང་ ཤེལ་རྔ་ནང་རྒེད་འོག་ནང་ཡང་ ཐོན་ཏེ་ཡོདཔ་ད་ མགུ་མ་རྒཔོ་ རྣམ་རྒྱལ་གྱིས་འབད་བ་ཅིན་ རྒེད་འོག་ནང་ ཆུ་གཡུར་ཉམས་བཅོས་ཀྱི་ལཱ་ ཟླཝ་༤ དེ་ཅིག་འབད་རུང་ གླ་འཐུས་མ་ཐོབ་ཟེར་ཨིནམ་ད་ མི་ཚུ་གིས་ གླ་འཐུས་མི་ཐོབ་པས་མནོ་སྟེ་ ལཱ་མ་འབད་བ་ཅིན་ ལྕང་ལཱའི་སྐབས་ལུ་ ཞིང་ཆུ་བྱིན་མ་བཏུབ་པའི་ དཀའ་ངལ་ཐོནམ་ལས་ ཨིན་ཅི་མིན་ཅི་ ལཱ་ནང་འགྱོ་དགོ་པས་ཟེར་ སླབ་ཨིན་པས།
རྟ་ལོག་རྒཔོ་ ཀུན་ལེགས་ཀྱིས་འབད་རུང་ དེ་བཟུམ་གྱི་དཀའ་ངལ་དེ་ ཧེ་མ་ལས་ཡོདཔ་ལས་ དཀའ་ངལ་གདོང་ལེན་འབད་ནིའི་དོན་ལུ་ ཐབས་ཤེས་བཏོན་རུང་ མཐར་འཁྱོལ་བྱུང་མ་ཚུགས་ཟེར་ཨིན་པས།
ད་རེས་ དཀའ་ངལ་དེ་ འཆར་གཞི་ནང་ཚུད་མི་ ཆུ་གཡུར་ཉམས་བཅོས་ཀྱི་ ལཱ་གི་དོན་ལུ་ གཞུང་གིས་ བཟོ་སྐྲུན་གྱི་ཅ་ཆས་དང་ བཟོ་བོ་ དེ་ལས་ ལས་རོགསཔ་ཅིག་ལུ་ ཉིན་བསྟར་གྱི་གླ་འཐུས་མ་གཏོགས་ ལཱ་གཞན་འབད་མི་ཚུ་ལུ་ གླ་ཆ་ཐོབ་ནི་མེདཔ་ཨིན་པས།
ཆུ་ཞིང་ཚུ་ གཞུང་གྲྭ་ཚང་གི་མཚན་ཐོ་ལུ་ཡོད་མི་དེ་ དང་ཕུ་ ཕམ་ཚུ་གི་སྐབས་ལུ་ ཆུ་ཞིང་ཚུ་ རང་སོའི་ གཡུས་ཀྱི་དགོན་སྡེ་དང་ གྲྭ་ཚང་ཚུ་ལུ་ མཆོད་འབུལ་ཡོ་བྱད་སྦེ་ ཕུལ་ཕུལཝ་ཨིན་པས།
སྤུ་ན་ཁ་ལུ་འབད་བ་ཅིན་ དེ་བཟུམ་གྱི་ མཆོད་འབུལ་ཡོ་བྱད་དེ་ རྟ་ལོག་དགོན་པ་དང་ ཧོང་ཚོ་བཀྲིས་སྒང་ ད་ལི་དགོན་པ་ ནོར་བུ་སྒང་དགོན་པ་ དེ་ལས་ ཁུ་བྱུ་དགོན་པ་ཚུ་ལུ་ཡོདཔ་ཨིན་པས།
ལོད་སྦིས་ས་ལས་ སྐྱེས་ལོ་༦༠ ལང་མི་ དཀོན་མཆོག་དབང་མོ་གིས་འབད་བ་ཅིན་ མཆོད་འབུལ་ཡོ་བྱད་དེ་ ཞབས་དྲུང་རིན་པོ་ཆེ་བཞུགས་པའི་སྐབས་ལས་ཡོད་པའི་ ལོ་རྒྱུས་ཚུ་ བཤད་ནི་འདུག་ཟེར་ཨིནམ་ད་ མོ་གིས་འབད་བ་ཅིན་ གཞུང་གྲྭ་ཚང་གི་ ཆུ་ཞིང་གླང་དོ་༣ བཟའ་སྤྱོད་འབད་མི་ལུ་བརྟེན་ ཆུ་གཡུར་ཉམས་བཅོས་ཀྱི་ལཱ་འབདཝ་ད་ གླ་འཐུས་གནང་པའི་ཁར་ བགོ་བཤའ་ཡང་ དཔྱ་༣ ལས་༢ ཐོབ་སྟེ་ཡོད་ཟེར་ཨིན་པས།
བར་སྦིས་རྒཔོ་ དབང་ཕྱུག་གིས་ སླབ་མིའི་ནང་ ཧེ་མ་ ཕམ་བཟངམ་ཚུ་གིས་ ཁོང་རའི་ ཆུ་ཞིང་ཚུ་ གྲྭ་ཚང་འཕགས་པའི་དགེ་འདུནམ་ཚུ་ལུ་ ཚོགས་བསག་སྒྲིབ་སྦྱང་གི་དོན་ལུ་ ཕུལ་ནུག་ཟེར་ཨིན་པས།
དེ་ཡང་ ཆུ་ཞིང་ཚུ་ སྨྱུང་གནས་བསྲུང་ནི་དང་ བསྐང་བཤགས་གཏང་ནི་ བླ་མའི་སྐུ་མཆོད་བཟུང་ནི་ ཚོགས་འཁོར་བསྐོར་ནི་ དེ་ལས་ གཤིན་པོའི་དོན་ལུ་ ཕུལ་ནུག་ཟེར་ཨིནམ་ད་ དེ་བསྒང་ ད་རེས་བཟུམ་སྦེ་ ཏི་རུ་མེད་པ་ལུ་བརྟེན་ ས་ཞིང་ཚུ་ ཕུལ་ནུག་ཟེར་ཨིན་པས།
གཞུང་གྲྭ་ཚང་གི་ ཡོངས་ཁྱབ་དྲུང་ཆེན་ མགོན་པོ་རྡོ་རྗེ་གིས་འབད་བ་ཅིན་ གྲྭ་ཚང་གིས་ ཆུ་གཡུར་ཉམས་བཅོས་ཀྱི་དོན་ལུ་ གླ་འཐུས་ཚུ་ གནང་བཞིན་དུ་ཡོད་ཟེར་ཨིནམ་ད་ གྲྭ་ཚང་གིས་ གླ་འཐུས་གནང་མ་བཏུབ་ཟེར་མི་དེ་ བགོ་མཐུན་བཟའ་མི་ཚུ་གིས་ སྙན་ཞུ་མ་འབད་བ་ལུ་བརྟེན་ ཨིནམ་འོང་ནི་མས་ཟེར་ སླབ་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment