གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་གྲྭའི་སྒྲིགས་ཁྲིམས་སྲིད་བྱུས་ལམ་སྟོན་ བསྒྱུར་བཅོས་འབད་ཡོདཔ།

༧/༨/༢༠༡༢   ༉ སློབ་གྲྭའི་སྒྲིགས་ཁྲིམས་སྲིད་བྱུས་ལམ་སྟོན་ཟིན་བྲིས་ནང་ སློབ་ཕྲུག་ཅིག་གིས་ ཁྲིམས་འགལ་གྱི་ལཱ་ངན་འབད་བ་ཅིན་ སློབ་གྲྭ་ནང་ལས་ བཏོན་གཏང་ནི་ཨིན་ཟེར་ གསལ་བཏོནན་འབད་མི་དེ་ལུ་ མི་ཚུ་གིས་ བསམ་འཆར་ཚུ་ འདྲ་མིན་སྣ་ཚོགས་བཀོད་མི་དང་འཁྲིལ་ ད་རེས་ ཤེས་རིག་ལྷན་ཁག་གིས་ བསྒྱུར་བཅོས་འབད་ཡོདཔ་ཨིན་པས།


བསྒྱུར་བཅོས་འབད་མིའི་ དོན་ཚན་དེ་ནང་ སློབ་ཕྲུག་ཨ་ལུ་ཅིག་གིས་ ཁྲིམས་འགལ་གྱི་ལཱ་འབད་བའི་ ཤེས་རྟོགས་བྱུང་པ་ཅིན་ ཁྲིམས་འགལ་ལཱ་གི་ གནས་སྟངས་ལུ་གཞི་བཞག་སྟེ་ ཁྲིམས་འདུན་གྱིས་ འཁྲུན་ཆོད་གནང་མི་དང་འཁྲིལ་ སློབ་གྲྭ་ནང་ལས་ བཏོན་གཏང་དགོ་ཟེར་འཁོད་ཡོདཔ་ཨིན་རུང་ ཤེས་རིག་ལྷན་ཁག་གི་དྲུང་ཆེན་ སངས་རྒྱས་བཟངམོ་གིས་ འབད་བ་ཅིན་ སྲིད་བྱུས་དེ་ནང་ ཤོག་གྲངས་༡༤ ཡོད་པའི་གྲས་ལས་ མི་མང་ཤོས་ཅིག་གིས་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་ལས་ བཏོན་གཏང་ནི་ཨིན་ཟེར་བའི་དོན་ཚན་དེ ་རྐྱངམ་གཅིག་ལུ་ བལྟ་ནུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སྲིད་བྱུས་ལམ་སྟོན་དེ་གི་དོན་ལུ་ མི་མང་ཤོས་ཅིག་གིས་ གྲོས་བསྡུར་འབད་དོ་ཡོདཔ་མ་ཚད་ གོ་བ་བརྡ་ལོག་འགྱོ་མི་ཡང་ ལེ་ཤ་ཡོདཔ་ཨིན་རུང་ སློབ་གྲྭ་ཚུ་ནང་ སྒྲིགས་ཁྲིམས་ཀྱི་སྲིད་བྱུས་ཚུ་ ལོག་འགོ་བཙུགས་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
དྲུང་ཆེན་གྱིས་ སླབ་དོ་བཟུམ་བད་བ་ཅིན་ སྲིད་བྱུས་ལམ་སྟོན་དེ་ མཐའ་བཅད་ཀྱི་ ཁྲིམས་ལུགས་ཅིག་མིན་པར་ དགོས་མཁོ་དང་འཁྲིལ་ ནམ་ར་འབད་རུང་ བསྐྱར་བཟོ་འབད་བཏུབ་པའི་ སྲིད་བྱུས་ཨིན་ཟེར་ཨིན་པས།
སྲིད་བྱུས་ལམ་སྟོན་ བཟོ་དགོ་པའི་ དམིགས་དོན་གཙོ་བོ་ར་ ལྷན་ཁག་གིས་ སློབ་ཕྲུག་ཚུ་ བདག་འཛིན་ལེགས་ཤོམ་སྦེ་འཐབ་སྟེ་ རང་སོའི་ལྕོགས་གྲུབ་ཀྱི་སྐོར་ལས་ ཧ་གོ་ཚུགསཔ་བཟོ་ནི་མ་གཏོགས་ སློབ་ཕྲུག་ཚུ་ལུ་ ཁྲིམས་བཀལ་ནི་ རྩ་ལས་ར་མེན་ཟེར་ ལྷན་ཁག་གི་ འགོ་དཔོན་ཅིག་གིས་སླབ་ཅི།
འགོ་དཔོན་ཚུ་གིས་འབད་བ་ཅིན་ སྲིད་བྱུས་དེ་ནང་ འཛོལ་བའི་ལམ་ལུ་ཞུགས་མི་ སློབ་ཕྲུག་ཚུ་གི་བྱ་སྤྱོད་ བཅོ་ཁ་རྐྱབ་ནི་དང་ ཉམས་གསོའི་ ཐབས་ལམ་ཚུ་ཡང་ ལེ་ཤ་ཅིག་ར་ ཚུད་དེ་ཡོདཔ་ལས་ སློབ་གྲྭ་ནང་ལས་ བཏོན་གཏང་ནི་དེ་ མཐའན་མཇུག་གི་ ཐབས་ལམ་ཨིནམ་ལས་ མི་མང་གིས་ སྲིད་བྱུས་དེ་ཚུ་ཡོངས་རྫོགས་སྦེ་ བལྟ་དགོཔ་འདི་ གལ་ཆེ་ཟེར་ཨིན་པས།
གསོ་བའི་དྲུང་ཆེན་གྱིས་ སློབ་ཕྲུག་ཚུ་ ལེགས་ཤོམ་བཟོ་ནིའི་ཐབས་ལམ་ ག་བཟུམ་བཏོན་རུང་ རྩ་ལས་ར་ ལེགས་བསྒྱུར་མེད་པ་ཅིན་རྐྱངམ་གཅིག་ སློབ་གྲྭ་ནང་ལས་ བཏོན་གཏང་དགོཔ་འཐོན་ནི་ཨིནམ་ལས་ མི་སེར་ཚུ་ ཚ་གྱང་ལང་དགོཔ་ མེད་པའི་ཁར་ དེ་བཟུམ་མའི་གནད་དོན་ཚུ་ རྒྱ་ཆེཝ་སྦེ་ མི་འཐོན་ཟེར་ཨིན་པས།
ཨིན་རུང་ སྲིད་བྱུས་དེ་ལུ་བརྟེན་ སློབ་ཕྲུག་ཚུ་གི་སེམས་ཁར་ འཇིགས་སྣང་སྦོམ་ འབྱུང་ནི་ཨིནམ་ལས་ སློབ་གྲྭ་ཚུ་ནང་ སློབ་ཕྲུག་ཚུ་གིས་ ཁྲིམས་འགལ་གྱི་ ལཱ་འབད་མིའི་ གྱངས་ཁ་ཡང་ མར་འབབ་འགྱོ་འོང་ཟེར་ སངས་རྒྱས་བཟངམོ་གིས་སླབ་ཅི།
མོ་གིས་བཤད་མིའི་ནང་ སྲིད་བྱུས་ལམ་སྟོན་ འདི་དང་འཁྲིལ་ སློབ་གྲྭ་ཁག་ཚུ་ནང་ སྒྲིགས་ཁྲིམས་ལམ་ལུགས་ཚུ་ མ་འདྲཝ་སྦེ་ འོང་ནི་ཨིན་རུང་ དེ་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ སློབ་གྲྭའི་དབང་འཛིན་གྱིས་ ཧེ་མ་ར་ སྲིད་བྱུས་ཚུ་ ཧིང་སངས་ས་སྦེ་བྲིས་ཏེ་ ཕམ་ཚུ་གིས་ ཧ་གོ་ཚུགསཔ་བཟོ་དགོཔ་ད་ སློབ་ཕྲུག་ཚུ་ཡང་ དྲན་ཚོར་འབད་དེ་ བཞག་དགོ་ཟེར་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ སློབ་གྲྭའི་དབང་འཛིན་ རྐྱངམ་གཅིག་གིས་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་ལས་ བཏོན་གཏང་མི་ཚུགས་ནི་ཨིན་མི་དེ་ཡང་ གནད་དོན་དེ་གི་སྐོར་ལས་ དང་པ་ར་ གསོ་བའི་ལྷན་ཁག་གི་ བཀོད་ཚོགས་ཞལ་འཛོམས་ནང་ བཙུགས་དགོཔ་ད་ སློབ་ཕྲུག་དེ་གིས་ ཁྲིམས་འགལ་གྱི་ལཱ་ ག་ཅི་བཟུམ་འབད་ཡོདཔ་ཨིན་ནའི་ ཡིག་ཆ་ཚུ་ཡང་ གསལ་བཏོན་འབད་དགོ་ཟེར་ཨིན་པས།
སྲིད་བྱུས་ལམ་སྟོན་དང་འཁྲིལཝ་ད་ སློབ་གྲྭ་གཞན་ཅིག་ནང་ སློབ་ཕྲུག་དེ་ ལེགས་བསྒྱུར་འབད་ཚུགས་པའི་ འོས་འབབ་ཡོད་པ་ཅིན་ ཕམ་ཚུ་ལུ་ སློབ་གྲྭ་སྤོ་སོར་འབད་དགོ་པའི་ ཁ་བཀོད་བྱིན་དགོཔ་ཨིན་པས།
ད་རེས་ནངས་པ་ སློབ་གྲྭ་ཚུ་ནང་ སློབ་སྟོན་པ་ཚུ་ཡང་ གཞི་བཙུགས་འབད་བའི་བསྒང་ཡོདཔ་ད་ ད་རེས་ཚུན་ལུ་ སློབ་སྟོན་པ་༡༢ གཞི་བཙུགས་འབད་ཡོདཔ་ཨིན་རུང་ ད་རུང་༧༥ དེ་ཅིག་ ཧེང་སྐལ་གསར་བཙུགས་འབད་དགོཔ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment