༉ འཆར་གཞི་༡༠ པའི་ འགོ་ཐོག་ལས་ར་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་དང་ སོ་ནམ་ལྷན་ཁག་གི་བར་ན་ ཐིམ་ཕུ་ལུ་ཡོད་པའི་ སྒོ་ནོར་སྨན་ཁང་དེ་ རྒྱ་བསྐྱེད་འབད་ཞིནམ་ལས་ གསརཔ་བཟོ་སྐྲུན་འབད་ནིའི་དོན་ལུ་ ས་གནས་ཀྱི་ ཁ་འཆམ་བྱུང་མ་ཚུགས་མི་ལུ་བརྟེན་ རྒྱ་གར་གཞུང་ལས་བྱིན་མིའི་ གྲོགས་རམ་མ་དངུལ་དེ་ ལོག་གཞུང་ལུ་ ཕུལ་ཡོདཔ་ཨིན་པས།
ཁྲོམ་སྡེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ སྒོ་ནོར་སྨན་ཁང་དེ་ ཁྲོམ་གྱི་ཕྱི་ཁར་ རྐྱབ་དགོཔ་ཨིན་རུང་ སོ་ནམ་ལྷན་ཁག་གིས་ ཁྲོམ་གྱི་ས་ཁོངས་ནང་ལས་ ཕྱི་ཁར་ གནས་སྤོ་གཏང་ནི་མི་འོང་ཟེར་ སླབ་སྟེ་ མོས་མཐུན་མ་བྱུངམ་ཨིན་པས།
དུས་ཅི་འབདཝ་ད་ ལོ་ལྔའི་འཆར་གཞི་༡༠ པ་ མཇུག་བསྡུ་ནི་རན་ཡོདཔ་ལས་ ལོ་འདི་ནང་ བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་མ་ཚུགས་པ་ཅིན་ མ་དངུལ་དེ་ ལག་ལེན་འཐབ་མ་ཚུགས་པར་ ལོག་རྒྱ་གར་གཞུང་ལུ་ ཕུལ་དགོ་ནི་ཨིནམ་ད་ ཡང་ཅིན་ གནད་དོན་གཞན་གི་དོན་ལུ་ ལག་ལེན་འཐབ་དགོཔ་འབྱུང་ནི་ཨིན་པས།
སྒོ་ནོར་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ མ་དངུལ་ས་ཡ་༡ དེ་ཅིག་ བཟོ་བཀོད་ཟིན་བྲིས་ཀྱི་དོན་ལུ་ ལག་ལེན་འཐབ་ཚར་ཡོད་པའི་ལྷག་ལུས་ དངུལ་ཀྲམ་ས་ཡ་༦.༨ གྲོགས་རམ་སྦེ་ ཐོབ་མིའི་མ་དངུལ་དེ་ ལོག་སྤྲོད་དགོཔ་ འཐོན་ནི་མས་ཟེར་ཨིན་པས།
སོ་ནམ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་ གསུངས་མིའི་ནང་ འདས་པའི་ལོ་དག་པ་ཅིག་གི་རིང་ རྒྱ་གར་གཞུང་ལས་ སྨན་ཁང་དེ་གི་དོན་ལུ་ མ་དངུལ་གྱི་ གྲོགས་རམ་ཐོབ་ཅི་ཟེར་ཨིནམ་ད་ བཟོ་སྐྲུན་གྱི་ལཱ་འབད་ནིའི་དོན་ལུ་ ས་ཆའི་བྱ་སྟབས་མ་བདེཝ་ཡོད་ནི་དེ་གིས་ ལག་ལེན་འཐབ་མ་ཚུགས་པར་ ལུས་སོ་ཡི་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ས་ཆ་དེ་ ཁྲོམ་གྱི་ནང་འཁོད་ལུ་ར་ ཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིནམ་ད་ སྒོ་ནོར་སྨན་ཁང་དེ་ ཁྲོམ་ཁར་མེད་པ་ཅིན་ སྒོ་ནོར་སེམས་ཅན་ཚུ་གི་ འཕྲོད་བསྟེན་དང་འབྲེལ་བའི་ ནད་གཞིའི་དཀའ་ངལ་ཚུ་ བསལ་མི་ཚུགས་ནི་ཨིན་མས་ཟེར་ཨིན་པས།
སྒོ་ནོར་ལས་ཁུངས་ཀྱི་ མདོ་ཆེན་ཀརྨ་འབྲུག་པ་གིས་ སླབ་མིའི་ནང་ ཁྲོམ་སྡེ་ལས་འཛིན་གྱིས་ སྒོ་ནོར་སྨན་ཁང་གི་ བཟོ་སྐྲུན་ལཱ་ དུས་ཅི་ར་ འགོ་བཙུགས་ཚུགསཔ་འབད་ཐབས་ལུ་ ས་ཆ་ཌེ་སི་མཱལ་༣༠ དེ་ཅིག་ འཕྲལ་ར་ངོས་འཛིན་འབད་དེ་ བྱིན་ནི་གི་ ཁས་ལེན་འབད་ཡི་ཟེར་ཨིན་པས།
ས་ཆའི་ཐད་ལུ་ ད་རེས་ཡོད་པའི་ ས་ཆ་ཌེ་སི་མཱལ་༨༠ ཡོད་ས་ལས་ ཌེ་སི་མཱལ་༣༠ ལུ་ མར་འབབ་འགྱོ་ནི་ཨིན་རུང་ བཟོ་སྐྲུན་གྱི་མ་དངུལ་ཚུ་ མར་ཕབ་འབད་དགོཔ་མི་ཐོན་ཟེར་ཨིན་པས།
ཐིམ་ཕུ་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ སྒོ་ནོར་སྨན་ཁང་གི་ ས་ཁོངས་གསརཔ་དེ་ མུ་ཏིག་ཐང་དང་ ལྕང་སྒང་ཁ་ དེ་ལས་ ཆུ་བར་ཆུ་ཚུ་ནང་ འོས་འབབ་ལྟ་དོ་ཟེར་ཨིནམ་ད་ ད་ལྟོ་ཡོད་པའི་ས་ཁོངས་དེ་ སྔོ་ལྗང་ས་ཁོངས་ནང་ཚུདཔ་ལས་ བཟོ་སྐྲུན་གྱི་དོན་ལུ་ གནང་བ་བྱིན་མི་ཚུགས་ཟེར་ཨིན་པས།
ཐོག་ཚད་༥ སྦེ་ བཟོ་སྐྲུན་འབད་ནི་ཨིན་མི་ སྨན་ཁང་གི་ སྒྲིང་ཁྱིམ་གསརཔ་དེ་ སྒོ་ནོར་སེམས་ཅན་གྱི་ སྨན་བཅོས་དང་འབྲེལ་བའི་ སྒྲིང་ཁྱིམ་ཅིག་སྦེ་ ལག་ལེན་འཐབ་ནི་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment