གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཊཱག་བཏང་མི་དང་པ་དང་ འགུཔ་གི་གོ་ས་ཐོབ་མི་ཡང་ དང་པ་ཨིནམ།

༦/༨/༢༠༡༢   མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྒེར་མི་ཅིག་ལུ་ རྒྱལ་པོའི་ཁྱད་དབང་སྤྱོད་དེ་ གཟེངས་རྟགས་གནང་མི་དེ་ཡང་ འགོ་དང་པ་ཨིན་པས།

འགུཔ་རྡོ་རྗེ་དབང་ཕྱུག
༉ རྒྱམ་ཞོལ་དཀརཔོ་ཐལ་མི་ ཕོ་སྐྱེས་དེ་ བུམ་ཐང་ལུང་གཤོང་ནང་ སྣུམ་འཁོར་ཊཱག་ཉོ་སྟེ་བཏང་མི་ དང་པ་ཨིན་པ་གིས་མ་དོ་བར་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ འགུཔ་གི་གོ་གནས་ཐོབ་མི་ སྒེར་མི་དང་པ་ཡང་ཨིན་པས།


དེ་ཡང་ སྟང་རྒེད་འོག་ བྱེམ་ཞོང་གཡུས་ཚན་ལས་ སྐྱེས་ལོ་༦༢ ལང་མི་ འགུཔ་རྡོ་རྗེ་དབང་ཕྱུག་གིས་ མི་སྡེ་ལུ་ འགྲན་ཟླ་དང་བྲལ་བའི་ ཞབས་ཏོག་ཞུ་བའི་ ངོས་འཛིན་ལུ་ མི་དབང་མངའ་ཞབས་མཆོག་གིས་ དུས་ཅི་ སྤྱི་ཟླ་༥ པའི་ནང་ གཟེངས་རྟགས་སྦེ་ དཔའ་རྟགས་དང་ རལཔ་མེད་པའི་ བཀབ་ནེ་གནང་མི་དེ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ སྒེར་མི་ལུ་ རྒྱལ་པོའི་ཁྱད་དབང་འགོ་དང་པ་ སྤྱོད་གནང་ནུག།
ད་རེས་འབདཝ་ད་ འགུཔ་རྡོ་རྗེ་དབང་ཕྱུག་གིས་ འབྲུག་མངའ་བདག་རྒྱལཔོ་དང་ བུམ་ཐང་གི་ མི་སེར་གྱི་བར་ན་ ཕྱག་ཞུ་མི་ ཟམ་བཟུམ་ཅིག་སྦེ་ ཕྱག་ཞུཝ་ཨིན་པས།
གཞུང་གི་དཔོན་ཁག་གཞན་ཚུ་ལུ་ ཁོང་རའི་གོ་གནས་དང་ འགན་ཁུར་དང་འཁྲིལ་ དཔའ་རྟགས་དང་ བཀབ་ནེ་གནང་སྲོལ་ཡོད་མི་དེ་ ཁོང་རའི་གོ་གནས་ཀྱི་ གནས་ཡུན་སྐབས་རྐྱངམ་གཅིག་ བཏགས་ཆོག་ནི་ཨིན་རུང་ འགུཔ་རྡོ་རྗེ་དབང་ཕྱུག་གི་ཐད་ལུ་ལྷོདཔ་ད་ ཁོ་རའི་མི་ཚེ་གང་ར་ བཏགས་ཆོག་མི་དེ་ཡང་ གཟེངས་རྟགས་དེ་ མི་ཚེ་ཅིག་གི་དོན་ལུ་ གནང་ནི་དེ་གིས་ཨིན་ཟེར་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ལས་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ང་ལུ་ འགན་ཁུར་འདི་དང་འདི་ཨིན་ཟེར་ ག་ནི་ཡང་མེདཔ་ལས་ ང་གིས་ མི་དབང་མངའ་བདག་རྒྱལ་པོའི་ཐུགས་དགོངས་ག་དེ་སྦེ་འགྲུབ་ཚུགས་འོང་ག་ཟེར་བའི་ ཚ་གྱང་སྦོམ་ཡོད་ཟེར་ འགུཔ་རྡོ་རྗེ་དབང་ཕྱུག་གིས་ བཤདཔ་ཨིན་པས།
ཨིན་རུང་ ངེ་གི་བརྩོན་ཤུགས་དང་ ལཱ་རྩ་འགེངས་ཏེ་འབད་བའི་མཐའ་མར་ མི་ཚེ་མཐར་འཁྱོལ་བྱུང་མི་ལུ་ འབྲུག་མངའ་བདག་རྒྱལ་པོ་སྐུ་ཉིད་ལས་ར་ ངོས་འཛིན་གནངམ་ལས་ གནམ་མེད་ས་མེད་སེམས་དགའ་ཡི་ཟེར་ ཁོ་གིས་ བཤད་པའི་ཁར་ ཁོ་ལུ་ འདི་བཟུམ་མའི་ ངོས་འཛིན་གྱི་ གཟེངས་རྟགས་གནང་མི་དེ་གིས་ ཁོ་རའི་མཉམ་རོགས་དང་ མི་སེར་གཞན་ཚུ་ལུ་ སེམས་ཤུགས་བསྐྱེད་འོང་མནོ་བའི་ རེ་བ་སྦོམ་ཡོད་ཟེར་ སླབ་ཨིན་པས།
ལོ་ངོ་༢ ཀྱི་ཧེ་མ་ཡང་ འགུཔ་རྡོ་རྗེ་དབང་ཕྱུག་གིས་ སྤྱི་ལོ་༢༠༡༠ ཟླཝ་༡༢ པའི་ཚེས་༡༧ ལུ་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་སྐབས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ རྒྱལ་ཡོངས་གཟེངས་ཐོན་གྱི་ གསེར་གྱི་རྟགས་མ་ཐོབ་ཡོདཔ་ད་ གཟེངས་ཐོན་གྱི་ རྟགས་མ་དེ་ཡང་ ཁོ་གིས་ ཁོ་རའི་མི་སྡེ་ལུ་ ཞབས་ཏོག་གང་དྲག་ཞུ་བའི་ ངོས་འཛིན་ལུ་ཨིན་པས།
བུམ་ཐངཔ་ཚུ་གིས་ མ་ལི་རྡོ་རྗེ་ཟེར་སླབ་མི་ འགུཔ་རྡོ་རྗེ་དབང་ཕྱུག་དེ་ བུམ་ཐང་ལུང་གཤོང་ནང་ སྣུམ་འཁོར་ཊཱག་ཉོ་སྟེ་བཏང་མི་ དང་པ་ཨིན་པས།
ཁོ་གིས་ སྤྱི་ལོ་༡༩༦༢ ལས་༡༩༦༨ ཀྱི་བར་ན་ བཀྲིས་སྒང་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ ཚེ་འདས་ཕ་དར་ཝི་ལི་ཡམ་ མེ་ཀི་གི་འོག་ལུ་ དཔེ་ཆ་ལྷབ་པའི་ཤུལ་ལུ་ ཕུན་ཚོགས་གླིང་མཁར་པཱན་ཌི་བཟོ་རིག་སློབ་ཁང་ནང་ ལོ་༡ དེ་ཅིག་ སློབ་སྦྱོང་འབད་ཞིནམ་ལས་ཐོན་ཏེ་ ཁོ་རའི་གཡུས་ཁར་ ལོ་༢ དེ་ཅིག་ གཡག་འཚོ་སྦེ་ སྡོད་ཡོདཔ་ད་ ཁོ་ སློབ་གྲྭ་ནང་ལས་ ཐོན་སྡོད་པའི་སྐབས་ སྐྱེས་ལོ་༡༨ ལང་ཡོདཔ་ཨིན་པས།
དེ་ལས་ ལོ་༥ དེ་ཅིག་གི་རྒྱབ་ལས་ ཁོ་གིས་ སྐྱིན་འགྲུལ་བརྒྱ་ཆ་༡༠༠ ཐོག་ལུ་ སྣུམ་འཁོར་ཊཱག་ཅིག་ ཉོ་ནི་གི་ སེམས་ཐག་བཅད་ཡོདཔ་བཞིན་དུ་ ཐིམ་ཕུའི་ཚོང་པ་ ཤེལ་དམརཔོ་རིན་ཆེན་ལས་ དངུལ་ཀྲམ་༣༠,༠༠༠ དང་ འབྲུག་གི་དངུལ་ཁང་ལས་ དངུལ་ཀྲམ་༢༠,༠༠༠ སྐྱིན་འགྲུལ་ལེན་ཐོག་ལས་ སྣུམ་འཁོར་ཊཱག་༡ རིན་གོང་དངུལ་ཀྲམ་༤༥,༠༠༠ སྤྲོད་དེ་ ཉོ་ཡོདཔ་ཨིན་པས།
ཚོང་པ་ཤེལ་དམརཔོ་རིན་ཆེན་གྱིས་ ང་ལུ་ སྐྱིན་འགྲུལ་མ་བྱིན་པ་ཅིན་ ངེ་གི་མི་ཚེ་དེ་ བཏགས་སར་བསྐྱལ་མ་ཚུགསཔ་འོང་ཟེར་ འགུཔ་རྡོ་རྗེ་དབང་ཕྱུག་གིས་ དྲན་ཚོར་འབད་བའི་ཁར་ ངེ་གི་དོན་ལུ་ ཤེལ་དམརཔོ་རིན་ཆེན་དེ་ སྐྱབས་མགོན་བཟུམ་ཅིག་ཨིན་ཟེར་ བཤདཔ་ཨིན་པས།
དེ་ལས་ ཁོ་གིས་ ཊཱག་བཏང་ཐོག་ལས་ སྤྱི་ལོ་༡༩༧༠ ལས་༡༩༧༤ ཚུན་ དགེ་ལེགས་ཕུག་དང་ གཞལམ་སྒང་གི་བར་ན་ ལམ་སེལ་གྱི་ ལཱ་འབད་མི་ གི་རིཕ་ལས་འགུལ་གྱི་དོན་ལུ་ ཅ་ཆས་དང་ ལྟོ་རྒྱགས་ཚུ་ སྐྱེལ་འདྲེན་འབད་དེ་ སྡོད་པའི་ཤུལ་ལས་ སྤྱི་ལོ་༡༩༧༥ ལུ་ བུམ་ཐང་ལུ་ སུ་ཡིསི་ལས་འགུལ་འགོ་བཙུགསཔ་ད་ ཁོ་ཡང་ དེ་ནང་འོང་སྟེ་ ལོ་ངོ་༡༢ དེ་ཅིག་ སྐྱེལ་འདྲེན་གྱི་ ལཱ་འབད་དེ་ སྡོད་ཡོདཔ་ཨིན་པས།
ཁོ་གིས་ ད་རུང་ ཊཱག་ཅིག་ དངུལ་ཀྲམ་༦༥,༠༠༠ རེ་སྦེ་ ཉོ་ཞིནམ་ལས་ དེད་གཡོགཔ་ཅིག་བཙུགས་དེ་ ལས་འགུལ་དེ་ནང་ ལཱ་འབད་བཅུག་ཡོདཔ་ད་ སྤྱི་ལོ་༡༩༨༠ གྱ་གྲངས་ལུ་ སྣུམ་འཁོར་ཊཱག་༣ པ་ཉོ་བའི་བསྒང་ལས་ གོང་ཚད་ཡང་ དངུལ་ཀྲམ་༡༣༠,༠༠༠ གུ་ ཡར་སེང་སོང་ཡོདཔ་ཨིན་པས།
འགུཔ་རྡོ་རྗེ་དབང་ཕྱུག་གིས་ སྤྱི་ལོ་༢༠༠༠ སྔ་ཆ་ལས་ ཊཱག་གཏང་ནི་ བཤོལ་བཞག་སྟེ་ དེད་གཡོགཔ་བཙུགས་ཐོག་ལས་ བཏང་བཅུག་ཡོདཔ་ད་ བདེ་སྐྱིད་གླིང་ཁྲོམ་གསརཔ་དེ་ནང་ གཞི་རྟེན་ཚུ་ བཟོ་སྐྲུན་འབད་བའི་སྐབས་ ས་རྐོ་འཕྲུལ་ཆས་༢ ཉོ་ཡོདཔ་ཨིན་རུང་ དེ་ཚུ་ག་ར་བཙོང་སྟེ་ ད་རེས་ནངས་པ་ ལྕམ་མཁར་ཁྲོམ་ནང་ ཟ་ཁང་ཅིག་བཙུགས་ཏེ་ སྡོདཔ་ཨིན་པས།
ད་རེས་ནངས་པའི་ ན་གཞོན་ཚུ་དང་ སློབ་གྲྭ་ལས་ ཐོན་སྡོད་མི་ཚུ་གིས་ རང་གི་རྐངམ་གུ་ རང་ལོང་ཚུགསཔ་བཟོ་ནིའི་དོན་ལུ་ མིག་དཔེ་དེ་ འགུཔ་རྡོ་རྗེ་དབང་ཕྱུག་ལུ་མ་གཏོགས་ གཞན་ག་ལུ་ཡང་ བལྟ་མི་དགོ་ཟེར་ ཨུ་རའི་རྒཔོ་ རྡོ་རྗེ་དབང་ཕྱུག་གིས་ སླབ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment