གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤོ་ཏ་ཟེ་རྩེ་མི་༡༥ འཛིན་བཟུང་འབད་དེ་ ལོག་བཏང་ཡོདཔ།

༨/༩/༢༠༡༢   ༉ སྤྱི་ཟླ་༨ པའི་ཚེས་༤ ལུ་ ཁྲིམས་སྲུང་འགག་པ་གིས་ ཐིམ་ཕུ་ ཆུ་ཚོད་འཁོར་ལོའི་ཀ་ཆེན་གྱི་ གདོང་ཕྱོགས་ལུ་ཡོད་པའི་ སྒྲིང་ཁྱིམ་ཅིག་ནང་ལས་ ཤོ་ཏ་ཟེ་རྩེ་མི་༡༥ འཛིན་བཟུང་འབད་མི་ཚུ་ ལོག་བཏང་ཡོདཔ་ཨིན་པས།


སྒྲིང་ཁྱིམ་དེ་ནང་ དེ་བཟུམ་མའི་ རྩེདམོ་རྩེ་བའི་སྐོར་ལས་ གསང་བའི་སྙན་ཞུ་ཐོབ་མི་དང་འཁྲིལ་ ཁྲིམས་སྲུང་འགག་པ་གིས་ དབྱེ་ཞིབ་འབད་བར་སོང་སྟེ་ ཉིན་མའི་ཆུ་ཚོད་༣ དེ་ཅིག་ཁར་ ཁོང་ཆ་ཁྱབ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཀུན་གསལ་ལུ་ གནས་ཚུལ་བཤད་མི་ཅིག་གིས་འབད་བ་ཅིན་ སྐྱེས་ལོ་༢༦ ལས་༥༢ ཚུན་འབད་མི་ མི་གྲངས་༡༥ ཡོད་པའི་གྲས་ཁར་ ཨམ་སྲུ་༤ འབདཝ་ད་༡ རྩེདམོ་འགོ་འདྲེན་འཐབ་མི་ ཨིན་མས་ཟེར་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་བའི་སྐབས་ རྩེདམོ་རྩེ་མི་ཚུ་གིས་ སྐོར་ཐེངས་རེ་ནང་ རྒྱལ་དངུལ་ཀྲམ་༥༠༠ རེ་སྦེ་ རྩེ་ཡོདཔ་ད་ སྐོར་ཐེངས་རེའི་ནང་ལས་ རྒྱལ་ཁ་ཐོབ་མི་ཚུ་གིས་ ཨ་རྟག་ར་ དངུལ་ཀྲམ་༣༠༠ རེ་ རྩེདམོ་འགོ་འདྲེན་འཐབ་མི་ ཨམ་སྲུ་དེ་ལུ་ སྤྲོདཔ་ཨིན་མས་ཟེར་ སླབ་ཨིན་པས།
ཨིན་རུང་ འཛིན་བཟུང་འབད་མི་ཚུ་ ཁྲིམས་སྲུང་འགག་པ་གིས་ ལོག་བཏང་ཡོདཔ་ད་ གནད་དོན་དེ་ རྩོད་བཤེར་གྱི་དོན་ལུ་ ཁྲིམས་འདུན་ལུ་ བཏང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དབྱེ་ཞིབ་འབད་བའི་སྐབས་ ཕོ་སྐྱེས་༢ ཀྱིས་ སྒོ་སྒྲིག་ནང་ལས་ཐོན་ཏེ་ བྱོག་སོང་ཡོདཔ་ལས་ ད་ལྟོ་ འཚོལ་བའི་བསྒང་ཡོདཔ་ཨིན་པས།
ཤོ་ཏ་ཟེ་རྩེ་མི་ཚུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༣༩༣ པ་ལས་ འགལ་བ་ཨིནམ་ལས་ དེ་གི་ཉེས་ཁྲིམས་དེ་ ཉེས་པ་ཡང་ཕྲ་ ཕོགཔ་ཨིན་པས།
དེ་བཟུམ་སྦེ་ ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ་དང་འཁྲིལཝ་ད་ ཤོ་ཏ་ཟེ་རྩེད་ནི་དེ་ ཁྲིམས་འགལ་གྱི་ལཱ་ཨིནམ་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་ འཛིན་བཟུང་འབད་དེ་ ཁྲིམས་འདུན་ལས་ གནང་བ་ལེན་ཐོག་ལས་ དོ་དམ་འོག་ལུ་ བཞག་ཆོག་ནི་དང་ གལ་སྲིད་ ཁྲིམས་འཐུས་བཏབ་ཐོག་ལས་ ཕྱིར་བཏོན་འབད་ནིའི་དོན་ལུ་ ཁྲིམས་འདུན་སར་ ཁྱིད་འོང་དགོཔ་ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ ལོག་བཏང་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ཁྲོམ་སྡེའི་ཁྲིམས་སྲུང་འགག་པའི་སྡེ་ཚན་དང་ འབྲེལ་བ་འཐབ་ནི་ལུ་ དཔའ་བཅམ་ཡོདཔ་ཨིན་རུང་ འགོ་དཔོན་ཚུ་དང་ཕྱད་མ་ཚུགས།
མིང་གསང་བཞག་མི་ ཁྲིམས་སྲུང་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ ཤོ་ཏ་ཟེ་རྩེ་མིའི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོདཔ་ལས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་བཞག་པ་ཅིན་ མི་བཞག་སའི་ས་གོ་དང་ རྒྱལ་གཞུང་གི་ཟད་འགྲོ་ལུ་ གནོད་དོ་ཡོདཔ་ལས་ ཁྲིམས་སྲུང་འགག་པ་གིས་ ཁོང་ཆ་ཁྱབ་ ཕྲངམ་ཕྲང་ས་ར་ ཁྲིམས་འདུན་ལུ་ འབོ་ནི་སྦེ་ གྲོས་ཐག་བཅད་ནུག་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment