གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུན་ཚོགས་གླིང་ལུ་ ན་གཞོན་ཚུ་གིས་ དོས་འབག་སྐྱེལ་གྱི་ ལཱ་འབད་དོ་ཡོདཔ།

༨/༩/༢༠༡༢   ༉ སྐྱེས་ལོ་༢༡ ལང་མི་ སེར་རྒྱལ་རྡོ་རྗེ་དེ་ དྲོ་པ་ཆུ་ཚོད་༧.༣༠ དེ་ཅིག་ལས་ ཁོ་རའི་ ལཱ་གཡོག་གསརཔ་འབད་བར་ འགྱོཝ་ཨིན་པས།
ན་གཞོན་ཚུ་གིས་ སྣུམ་འཁོར་ནང་ལས་ དོས་བཏོན་པའི་བསྒང་།


དེ་ཡང་ ཁོ་ ཕུན་ཚོགས་གླིང་ཁྲོམ་ཁར་ ལྷོད་པའི་ཤུལ་ལུ་ ཁྲོམ་འོག་མ་ལུ་སོང་སྟེ་ ཆ་རོགས་གཞན་༡༦ དང་གཅིག་ཁར་ བསྡོམས་ཞིནམ་ལས་ ནར་ཁྲི་ཅིག་གུ་སྡོད་དེ་ ཚོང་པ་ཅིག་གིས་ ཁོ་གི་ དོས་ཆས་ཚུ་ སྣུམ་འཁོར་ཊཱག་ཅིག་ལས་ ཕབ་བཀལ་འབད་གནང་ཟེར་ འབོ་ནིའི་དོན་ལུ་ སྒུག་སྡོདཔ་ཨིན་པས།
སེར་རྒྱལ་རྡོ་རྗེ་གིས་ སྤྱི་ཟླ་༨ པའི་ཚེས་༡ ལས་ ཅ་ལ་འབག་མི་དང་ དོས་སྐྱེལ་མི་ འབྲུག་གྲུབ་འབྲས་སྐྱེལ་ལེན་ཞབས་ཏོག་ནང་ ལཱ་གཡོག་ཐོབ་ཞིནམ་ལས་ཚུར་ ཁོ་གི་ ཆ་རོགས་ཚུ་དང་གཅིག་ཁར་ སྣུམ་འཁོར་ཊཱག་ནང་ལས་ ཅ་ཆས་ཚུ་ ཕབ་ཐོག་ལས་ ཚོང་ཁང་ཅིག་ནང་ བསྐྱལ་ནི་དང་ ཡང་ཅིན་ དོས་ཁང་ནང་གི་ ཅ་ཆས་ཚུ་འབག་སྟེ་ ཊཱག་ནང་བཙུགསཔ་ཨིན་པས།
འབྲུག་གྲུབ་འབྲས་སྐྱེལ་ལེན་ཞབས་ཏོག་དེ་ དམག་མི་བགྲེསཔ་ཅིག་གིས་ ཟླཝ་༡ གི་ཧེ་མར་ དགེ་ལེགས་ཕུག་ལུ་ འདི་བཟུམ་མའི་ ཞབས་ཏོག་ཅིག་ འགོ་བཙུགས་པའི་ཤུལ་ལས་ ཕུན་ཚོགས་གླིང་ལུ་ སྒོ་ཕྱེ་ཡོདཔ་ལས་ ད་རེས་ནངས་པ་ ལཱ་འབད་མི་ འབྲུག་གི་ན་གཞོན་དང་ ན་ལོན་བསྡོམས་ཏེ་ མི་གྲངས་༣༠༠ ལྷགཔ་ཅིག་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ ཕུན་ཚོགས་གླིང་ཁྲོམ་ཁར་ དོས་འབག་མི་དང་ སྐྱེལ་མི་ཚུ་ རྒྱ་གར་གྱི་མི་ཨིན་རུང་ ད་རེས་འབདཝ་ད་ འབྲུག་གི་ན་གཞོན་ཚུ་ མཐོང་གསལ་བྱུངམ་ཨིན་པས།
ཁོང་ཆ་ཁྱབ་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༧.༣༠ དེ་ཅིག་ཁར་འཛོམས་ཏེ་ སྡེ་ཚན་རེའི་ནང་ འཐུས་མི་༡༥ དེ་ཅིག་ཡོད་མི་ཚུ་ ཕུན་ཚོགས་གླིང་ཁྲོམ་གྱི་ ས་གོ་སོ་སོའི་ནང་ ཁ་གཏོར་ཏེ་ འགྱོ་ཐོག་ལས་ ཊཱག་ཅིག་ལུ་ དོས་ཕབ་བཀལ་འབད་ནི་གི་ ལཱ་མི་འཐོན་ག་མནོ་སྟེ་ ཚོང་ཁང་ཚུ་གི་གདོང་ཁར་ སྒུག་སྡོདཔ་ཨིན་པས།
ཁོང་གིས་ དོས་འབག་མི་ཊཱག་ཅིག་ ཉེ་འདབས་ལུ་ བཀག་བཞག་ས་མཐོངམ་ཅིག་ སྡེ་ཚན་གྱི་ འགོ་ཁྲིདཔ་དེ་གིས་ ཇོ་བདག་འབད་སར་ རྒྱུག་སོང་ཞིནམ་ལས་ དོས་ཕབ་ནི་ཚུ་ རྒྱ་གར་གྱི་ ལས་མི་ཚུ་ལུ་མིན་མར་ ཁོང་ལུ་གནང་དགོཔ་སྦེ་ ཞུ་བ་འབད་དོ་ཡོདཔ་ད་ གལ་སྲིད་ ཇོ་བདག་གིས་ བཏུབ་ཟེར་སླབ་པ་ཅིན་ བུཚ་ཚུ་གིས་ དོས་ཀེ་ཇི་༥༠ ལྷག་མི་དང་ བུམོ་ཚུ་གིས་ དོས་ཀེ་ཇེ་༢༥ འབད་མི་ ཕད་ཙེ་ཚུ་ འབག་སྐྱེལ་དོ་ཡོདཔ་ཨིན་པས།
ཁོང་གིས་ ང་བཅས་ལུ་ འདི་བཟུམ་མའི་ ལཱ་བྱིནམ་ད་ ང་བཅས་ཀྱིས་ སྤྲོ་བའི་ཐོག་ལས་ ལཱ་འབད་དོ་ཡོདཔ་ཨིན་རུང་ ལཱ་མེདཔ་ད་ དབངཔོ་ངལ་སག་ས་སྦེ་ སྒུག་དགོཔ་བྱུངམ་མས་ཟེར་ སེར་རྒྱལ་རྡོ་རྗེ་གིས་ སླབ་ཨིན་པས།
ཁོང་ཆ་ཁྱབ་ལུ་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་༡༠,༠༠༠ དང་༥,༠༠༠ རེ་སྤྲོད་ནི་སྦེ་ ཞབས་ཏོག་ལས་ཁང་གིས་ ཁས་ལེན་འབད་ཡོདཔ་ལས་ ཁོང་གི་ཁྱིམ་ནང་ དཀའ་ངལ་བྱུང་མི་ཚུ་ དུམ་གྲ་ཅིག་ བསལ་ཚུགས་ནི་མས་ཟེར་ བཤདཔ་ཨིན་པས།
ཁོང་གི་ལཱ་དེ་ དྲོ་པ་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༦ ཚུན་ཨིནམ་ད་ ཁོང་ཆ་ཁྱབ་ ཁོང་རའི་ལཱ་ལུ་བལྟ་སྟེ་ སེམས་དགའ་ཡོད་རུང་ ཚོང་པ་ལ་ལུ་ཅིག་གིས་ ཁོང་ཁེ་རྒོ་མིན་འདུག་ཟེར་སླབ་སྟེ་ རྒྱ་གར་གྱི་ ལས་མི་ཚུ་ལུ་ ལཱ་འབད་བཅུགཔ་ད་ སེམས་མི་དགའ་བས་ཟེར་ཨིན་པས།
སྐྱེས་ལོ་༢༧ ལང་མི་ དཀར་མདོག་ཚེ་རིང་གིས་ སླབ་མིའི་ནང་ ཚོང་པ་ལ་ལུ་ཅིག་གིས་ འབྲུག་གི་ན་གཞོན་ཚུ་ ཚགས་ཁར་མི་ཚུད་པས་ཟེར་ ཧད་འཕུལ་ཏེ་ ཕྱི་རུའི་ཆུ་ཚོད་༦ མ་འགྱོ་ཚུན་ཚོད་ སྣུམ་འཁོར་ཊཱག་ལུ་ དོས་མ་བཙུགས་པར་ སྒུག་སྡོད་པའི་ཤུལ་ལུ་ རྒྱ་གར་གྱི་ ལས་མི་ཚུ་ ཁྱིད་འོང་སྟེ་ ལཱ་འབད་བཅུགཔ་མས་ཟེར་ཨིན་པས།
འབྲུག་གྲུབ་འབྲས་སྐྱེལ་ལེན་ཞབས་ཏོག་གི་ཇོ་བདག་ དཔལ་ཆེན་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གིས་ འབྲུག་གི་ན་གཞོན་ཚུ་ ཁོ་གི་ལས་སྡེའི་ནང་ བཙུགས་དགོ་མིའི་ དམིགས་དོན་ངོ་མ་ར་ ཕྱི་མི་ཚུ་གི་ཚབ་སྦེ་ ལཱ་འབད་བཅུག་ཐབས་ལུ་ཨིན་རུང་ ཚོང་པ་ཚུ་གིས་ མཉམ་འབྲེལ་ལེགས་ཤོམ་འབད་མི་བཏུབ་པས་ཟེར་ཨིན་པས།
ང་གིས་ ཚོང་པ་ཚུ་ལུ་ ངེ་གི་ ན་གཞོན་ཚུ་ལུ་ ལཱ་འབད་བཅུག་དགོ་པའི་ ཞུ་བ་འབད་རུང་ ང་གིས་ གླ་འཐུས་མངམ་ལེནམ་མས་ཟེར་སླབ་སྟེ་ ངོས་ལེན་འབད་མི་བཏུབ་པས་ཟེར་ དཔལ་ཆེན་རྡོ་རྗེ་གིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment