གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེ་ཁམས་རིག་པའི་ཆོས་ཚན་གྱི་ སློབ་དཔོན་མེད་པའི་ཚ་གྱང་།

༦/༨/༢༠༡༢   ༉ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ ལོ་ཕྱེད་ཆོས་རྒྱུགས་ཀྱི་ ངལ་གསོའི་ཤུལ་ལས་ ལོག་སློབ་སྟོན་འགོ་བཙུགས་ཏེ་ བདུན་ཕྲག་༢ དེ་ཅིག་ལང་རུང་ སྐྱེ་ཁམས་རིག་པའི་ཆོས་ཚན་ བའི་ལོ་ཇི་ སློབ་སྟོན་འབད་མི་ སློབ་དཔོན་མེད་པར་ཡོད་ཟེར་ སློབ་གྲྭའི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།


དཀའ་ངལ་དེ་ཡང་ ཆོས་ཚན་དེ་ སློབ་སྟོན་འབད་མི་ སློབ་གྲྭའི་དབུ་འཛིན་དེ་ དྲུང་པ་གི་ གོ་གནས་ཐོབ་སྟེ་ སོང་བའི་ཁར་ དབུ་འཛིན་འོག་མ་དེ་ སློབ་སྦྱོང་འབད་བར་ སོང་མི་ལུ་བརྟེན་ བྱུང་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ ངག་དབང་རྡོ་རྗེ་གིས་འབད་བ་ཅིན་ མ་གཞི་ སློབ་གྲྭ་ནང་ སྐྱེ་ཁམས་རིག་པའི་ཆོས་ཚན་གྱི་ སློབ་དཔོན་༢ ཡོདཔ་ཨིན་རུང་ ཁོང་༢ ཀྱིས་ ཉིནམ་རེ་ནང་ སློབ་རིམ་༩ པའི་ སློབ་སྡེ་༧ ལུ་ སློབ་སྟོན་འབད་དགོ་ནི་དེ་གིས་ ཁྱབ་མི་ཚུགས་པས་ཟེར་ཨིན་པས།
དབུ་འཛིན་གྱིས་ སླབ་མིའི་ནང་ ད་རེས་ ཆོས་ཚན་དེ་གི་ སློབ་དཔོན་མེད་མི་ཚུ་ སློབ་རིམ་༡༠ པ་ཚུ་ཨིནམ་ལས་ ཚ་གྱང་ལང་དོ་ཡོདཔ་ཨིན་རུང་ དྲུང་ཁག་དང་ རྫོང་ཁག་ལུ་ སྙན་ཞུ་འབད་དེ་ སློབ་དཔོན་གསརཔ་ འཚོལ་ནིའི་ལཱ་ཚུ་ འབད་དོ་ཟེར་ཨིན་པས།
ངག་དབང་རྡོ་རྗེ་གིས་འབད་བ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ སྐྱེ་ཁམས་རིག་པའི་ཆོས་ཚན་གྱི་ སྟོན་ཚན་སྐབས་ སློབ་དཔོན་གཞན་ཚུ་བཏང་ཐོག་ལས་ ཁོང་རའི་ཆོས་ཚན་ཚུ་ སློབ་སྟོན་འབད་བཅུག་དོ་ཟེར་ཨིནམ་ད་ སློབ་དཔོན་གསརཔ་ལྷོདཔ་ཅིག་ ཆོས་ཚན་དེ་ དུས་ཚོད་ཁར་ མཇུག་བསྡུ་ཚུགསཔ་འབད་ནི་ལུ་ ཐབས་ཤེས་བཏོན་ནི་ཟེར་ཨིན་པས།
ཆོས་ཚན་ཚུ་ དུས་ཚོད་ཁར་ མཇུག་བསྡུ་ཚུགསཔ་འབད་ནིའི་དོན་ལས་ སློབ་ཕྲུག་ཚུ་ལུ་ སྟོན་ཚན་ཚུ་ ལེ་ཤ་སྤྲོད་དེ་ དཀའཝ་སྤྱད་མི་བཅུག་ཟེར་ དབུ་འཛིན་གྱིས་ སླབ་ཨིན་པས།
སློབ་གྲྭ་དེ་ནང་ སློབ་རིམ་༡༠ པའི་སློབ་སྡེ་༤ འབདཝ་ད་ བསྡོམས་ཀྱིས་སློབ་ཕྲུག་༡༦༩ ཡོདཔ་ད་ ཕུན་ཚོགས་གླིང་དྲུང་ཁག་གི་ ཤེས་རིག་འགོ་དཔོན་ རྣམ་རྒྱལ་གྱིས་འབད་བ་ཅིན་ ཁོ་གིས་ སྤྱི་ཟླ་༧ པའི་ནང་ སློབ་དཔོན་གསརཔ་དགོ་པའི་སྐོར་ལས་ ལྷན་ཁག་ལུ་ སྙན་ཞུ་འབད་ཡོདཔ་ལས་ སློབ་དཔོན་གསརཔ་ཅིག་ གཏང་ནི་སྦེ་ ཁ་བཟེད་དེ་ཡོད་ཟེར་ ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནས་སྐབས་ཅིག་གི་དོན་ལུ་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་བར་མ་ལས་ སློབ་དཔོན་ཅིག་ ལེན་ཐོག་ལས་ ཐབས་ལམ་བཏོན་ཡོདཔ་ཨིན་རུང་ མཐར་འཁྱོལ་བྱུང་མ་ཚུགས་ཟེར་ཨིན་པས།
འདས་པའི་རེས་གཟའ་སྤེན་པ་ལུ་ ཤེས་རིག་ལྷན་ཁག་གིས་ བརྒྱུད་འཕྲིན་ཐོག་ལས་ བདུན་ཕྲག་༡ དང་༢ ཀྱི་བར་ན་ སྐྱེ་ཁམས་རིག་པའི་ཆོས་ཚན་སྟོན་མི་ སློབ་དཔོན་ཅིག་ གཏང་ནི་ཨིན་ཟེར་ སླབ་ཡོདཔ་ལས་ སློབ་དཔོན་དེ་ འཕྲལ་མགྱོགས་ར་ ལྷོད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ རྣམ་རྒྱལ་གྱིས་ སླབ་ཨིན་པས།
ད་རེས་ཁམས་ འགོ་འདྲེན་འཐབ་མི་ སློབ་ཕྲུག་ཚུ་གི་ ལོ་ཕྱེད་ཆོས་རྒྱུགས་ཀྱི་ གྲུབ་འབྲས་ལག་ཁྱེར་ སྤྲོད་པའི་སྐབས་ལུ་ སློབ་རིམ་༡༠ པའི་ ཕམ་དག་པ་ཅིག་གིས་ དཀའ་ངལ་དེ་གི་སྐོར་ལས་ བཤད་ཡོདཔ་ད་ སློབ་ཕྲུག་གི་ ཕམ་ཅིག་གིས་འབད་བ་ཅིན་ དཀའ་ངལ་དེ་ འཕྲལ་མགྱོགས་མ་བསལ་བ་ཅིན་ སློབ་ཕྲུག་ཚུ་ལུ་ གནོད་པ་སྦོམ་འབྱུང་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༡༧ ལང་མི་ སློབ་རིམ་༡༠ པའི་ སློབ་ཕྲུག་ཅིག་གིས་འབད་བ་ཅིན་ འཕྲལ་མགྱོགས་ར་ སྐྱེ་ཁམས་རིག་པའི་ ཆོས་ཚན་སྟོན་མི་ སློབ་དཔོན་ལེགས་ཤོམ་ཅིག་ལྷོད་པའི་ རེ་བ་བསྐྱེད་དོ་ཟེར་ སླབ་ཨིན་པས།
དུས་ཚོད་ཕྱིས་སོ་པ་ཅིན་ སྐྱེ་ཁམས་རིག་པའི་ཆོས་ཚན་དེ་ དུས་ཚོད་ཁར་ མཇུག་བསྡུ་མི་ཚུགས་ནི་ཨིནམ་ལས་ དུས་ཐེབས་ཀྱི་ སློབ་སྟོན་ཚུ་ ག་དེ་སྦེ་ འགོ་འདྲེན་འཐབ་ཚུགས་གའི་ ཚ་གྱང་ཡོད་ཟེར་ཨིན་པས།
ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ བསྡོམས་ཀྱིས་སློབ་ཕྲུག་༤༧༧ ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment