གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷག་རོག་ཐོན་མི་རྡོ་རྫས་ཚུ་ འཛིན་སྐྱོང་འཐབ་ནིའི་ ལམ་ལུགས་མེདཔ།

༡༣/༨/༢༠༡༢   ༉ དབང་འདུས་ཕོ་བྲང་ ཧེ་སྦིས་ས་གི་ ཚལ་མ་ཅིག་ནང་ ལྷག་རོག་ཐོན་མི་རྡོ་རྫས་ཚུ་ མེ་བཏང་པའི་སྐབས་ རྫས་སྦྱོར་ངོས་འཛིན་འབད་མ་ཚུགས་པའི་ དྲི་ངན་གྱིས་ ས་གནས་ཚུ་ནང་ ཁྱབ་ཡོད་པའི་ཁར་ དུས་ཡུན་ཆུ་ཚོད་༡ དེ་ཅིག་གི་རིང་ མེ་འབར་སྡོད་སར་མཐོང་ཡི། 
ལྷག་རོག་ཐོན་མི་ རྡོ་རྫས་ཚུ་ མེ་བཏང་པའི་བསྒང་།


དྲི་ངན་དེ་ཡང་ ཇི་ལ་ཊིན་ཟེར་མི་ རྡོ་ནང་བཙུགས་མི་ རྫས་སྦྱོར་སྒམ་༡༡ མེ་བཏང་མི་ལས་ བྱུང་ཡོདཔ་ད་ དེ་དང་གཅིག་ཁར་ ཌི་ཀོཊ་ཟེར་མི་ ཇི་ལ་ཊིན་དང་གཅིག་ཁར་ མཐུད་མི་ཐགཔ་ མི་ཊར་༡༧༠ དང་ སེཕ་ཊི་ཕུསི་ཟེར་ རྡོ་རྫས་བཙུགས་པའི་སྐབས་ ཉེན་སྲུང་གི་དོན་ལུ་ ལག་ལེན་འཐབ་མི་ ཐགཔ་མི་ཊར་༢ ལྷགཔ་ཅིག་ མེ་བཏང་ཡོདཔ་ཨིན་པས།
རྡོ་རྫས་ཚུ་ རུས་སྦིས་ས་རྒེད་འོག་ ཨུ་ལ་སྤྱི་འོག་གི་ སོ་ནམ་ཞིང་ལམ་ བསལ་ནིའི་དོན་ལུ་ ཉོ་སྒྲུབ་འབད་བའི་ཤུལ་ལས་ གས་རྫས་ཀྱི་ དུས་ཡུན་རྫོགས་ནི་དེ་གིས་ མེ་བཏང་ཡོདཔ་ཨིན་པས།
རྡོ་རྫས་ཚུ་ རྒེད་འོག་བདག་སྐྱོང་གིས་ རབ་བདུན་སྒེར་སྡེ་ལུ་ ལོག་སྤྲོད་བའི་ཤུལ་ལས་ ལས་སྡེ་གིས་ ནང་སྲིད་ལྷན་ཁག་གིས་བཀའ་དང་འཁྲིལ་ཏེ་ རྫོང་ཁག་བདག་སྐྱོང་དང་ ཁྲིམས་སྲུང་འགག་པ་ འཛོམས་ཐོག་ལུ་ ཧེ་སྦིས་ས་ལུ་སྦེ་ སྤྱི་ཟླ་༨ པའི་ཚེས་༡༠ ལུ་ མེ་བཏང་ཡོདཔ་ཨིན་པས།
གས་རྫས་ཚུ་ ཀི་ལོ་མི་ཊར་༨.༥ འབད་མི་ སོ་ནམ་ཞིང་ལམ་ བསལ་ནིའི་དོན་ལུ་ ན་ཧིང་ ཉོ་སྒྲུབ་འབད་ཡོདཔ་ད་ རབ་བདུན་སྒེར་སྡེ་དེ་ རྒྱལ་ཁབ་ནང་ རྡོ་རྫས་དང་ རྫས་བམ་གྱི་རིགས་ཚུ་ བཀྲམ་སྤེལ་འབད་མི་ཅིག་ཨིན་པས།
ལས་སྡེའི་ཡོངས་ཁྱབ་འཛིན་སྐྱོང་པ་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ དུས་ཡུན་རྫོགས་མི་ རྡོ་རྫས་ཚུ་ མཛོད་ཁང་ནང་བཞག་པ་ཅིན་ ཅ་ཆས་གཞན་ཚུ་ མེདཔ་གཏང་ནིའི་ ཉེན་ཁ་ཡོདཔ་ལས་ ངེས་པར་དུ་ མེ་བཏང་དགོ་ཟེར་ཨིནམ་ད་ ཨིན་རུང་ མེ་བཏང་པའི་སྐབས་ ས་གནས་ག་བཟུམ་ཅིག་ནང་ གཏང་དགོཔ་ཨིན་ན་དང་ མེ་བཏང་མི་ཚུ་གིས་ ཉེན་སྲུང་གི་ཐབས་ལམ་ ག་བཟུམ་སྟོན་དགོཔ་ཨིན་ནའི་ ལམ་ལུགས་ཁ་གསལ་ཅིག་ མེདཔ་ཨིན་པས།
ཚེ་རིང་ཕུན་ཚོགས་ཀྱིས་ འབད་བ་ཅིན་ རྡོ་རྫས་ནང་ རྫས་སྦྱོར་ཨེ་མོ་ནི་ཡམ་ ནའི་ཊེད་དང་ སྐྱུར་རྫས་ ནའི་ཊིད་ཨེ་སིཌ་ཟེར་མི་ཚུ་ཡོདཔ་ལས་ རྡོ་རྫས་ཀྱི་ལྷག་རོག་ མེ་བཏང་མི་ཚུ་ལུ་ ཉེན་སྲུང་གི་མཁོ་ཆས་ ལག་ཤུབས་དང་ ཆུ་ལྷམ་ དེ་ལས་ གདོང་སྤུབས་ནི་ཚུ་ ག་ནི་ཡང་ མ་དགོཔ་ཨིན་ཟེར་ སླབ་ཨིན་པས།
ཚེ་རིང་ཕུན་ཚོགས་ཀྱིས་འབད་བ་ཅིན་ མེ་བཏང་མི་ཚུ་ལུ་ ཉེན་ཁ་མེད་ཟེར་ཨིནམ་ད་ དེ་ཡང་ ཁོ་གིས་ དུས་ཚེས་རྫོགས་མི་ རྡོ་རྫས་ཀྱི་ལྷག་རོག་ཚུ་ ལེན་ཐེངས་༡༥ དེ་ཅིག་ མེ་བཏང་བའི་ ཉམས་མྱོང་ཡོད་ཟེར་ཨིནམ་ད་ ཨིན་རུང་ ད་རེས་ ལཱ་འབད་མི་ཚུ་ག་ར་ གསརཔ་ཙང་ཙ་ཨིན་མས་ཟེར་ སླབ་ཨིན་པས།
དུས་ཡུན་རྫོགས་མི་ གས་རྫས་ཚུ་ ཚལ་མ་ཅིག་ནང་ ཤིང་གི་རག་རོ་ཚུ་ བསྡུ་བསྒྱོམ་འབད་ཐོག་ལས་ མེ་བཏང་ཡོདཔ་ད་ ཚེ་རིང་དཔལ་འབྱོར་གྱིས་ སླབ་མིའི་ནང་ ནང་སྲིད་ལྷན་ཁག་གི་ ལམ་ལུགས་དང་འཁྲིལ་བ་ཅིན་ མེ་གཏང་སའི་ས་གནས་དེ་ མི་སྡོད་ས་ལས་ ཀི་ལོ་མི་ཊར་ ཕྱེད་དེ་ཅིག་གི་ས་ཁར་ གཏང་དགོ་ཟེར་ཨིནམ་ད་ ཨིན་རུང་ རང་བཞིན་གནས་སྟངས་དང་ སྐྱེ་ལྡན་རིགས་སྣ་ལུ་ གནོད་སྐྱོན་ཡོད་པའི་སྐོར་ལས་ སླབ་ནི་མེད་ཟེར་ཨིན་པས།
རྫོང་ཁག་རང་བཞིན་གནས་སྟངས་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་འབད་བ་ཅིན་ ལྷག་རོག་ཐོན་མི་ རྡོ་རྫས་ཚུ་ ཚལ་མ་ནང་ མེ་བཏང་མི་དེ་ རང་བཞིན་གནས་སྟངས་ཀྱི་ ལམ་ལུགས་དང་འགལ་བ་ཨིན་ཟེར་ཨིནམ་ད་ དེ་ཡང་ དེ་གིས་ ས་དང་ ཆུ་ རླུང་མ་ དེ་ལས་ སྲོག་ཆགས་ཚུ་ མེདཔ་གཏང་ནིའི་ ཉེན་ཁ་ཡོད་ཟེར་ཨིནམ་ད་ དུས་ཡུན་རྫོགས་མི་ རྡོ་རྫས་ཚུ་ ཡང་ཅིན་ ལོག་བཟོ་སྐྲུན་ལས་སྡེ་ལུ་ར་ རྩིས་སྤྲོད་དགོཔ་ཨིནམ་ད་ དེ་མིན་པ་ཅིན་ འཕྲུལ་ཆས་ཀྱི་ཐོག་ལས་ མེ་བཏང་ནིའི་ལམ་ལུགས་ཅིག་ར་ དགོ་པས་ཟེར་ སླབ་ཨིན་པས།
དེ་བཟུམ་གྱི་ རྡོ་རྫས་ལྷག་རོག་ཚུ་ ག་ལྷོད་སྦེ་ མེ་བཏང་མི་དེ་ ད་ལྟོ་ ལམ་ལུགས་མེད་པ་ལུ་བརྟེན་ཨིན་རུང་ རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱིས་ རྒྱལ་སྤྱིའི་མཁས་མཆོག་ཚུ་དང་གཅིག་ཁར་ རྡོ་རྫས་དང་འབྲེལ་བའི་ ཕྱགས་སྙིགས་ལྷག་རོག་ཚུ་ འཛིན་སྐྱོང་འཐབ་ནིའི་ ལམ་ལུགས་ཚུ་ བཟོ་བའི་བསྒང་ཡོད་ཟེར་ རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱི་ དྲུང་ཆེན་ཨྱོན་ཚེ་དབང་གིས་ སླབ་ཨིན་པས།
ལམ་ལུགས་དེ་ ཆ་འཇོག་འགྲུབ་པའི་བསྒང་ལས་ རྒྱལ་ཁབ་ནང་ སྨན་རིགས་དང་ རྫས་རིགས་ དེ་ལས་ སྨྱོ་རྫས་དང་འབྲེལ་བའི་ཕྱགས་སྙིགས་ལྷག་རོག་ཚུ་ འཛིན་སྐྱོང་འཐབ་ཚུགས་ཟེར་ ཁོ་གིས་ སླབ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment