གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁའི་གནས་ཚུལ་བསྡུ་བཀོད་ཀྱི་ གཞི་རྟེན་རིག་རྩལ་ལྷབ་སྦྱང་།

༡༥/༨/༢༠༡༢   ༉ ཁ་ཙ་ལས་འགོ་བཙུགས་ གནས་ཚུལ་བསྡུ་བཀོད་པའི་ གཞི་རྟེན་སྦྱོང་བརྡར་དེ་ ཐིམ་ཕུ་རྫོང་ཁ་སློབ་སྦྱོང་སྤེལ་ཁང་ནང་སྦེ་ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱིས་ རྫོང་ཁ་གསར་ཤོག་དང་ རྒྱང་བསྒྲགས་ཁག་གི་ གནས་ཚུལ་བསྡུ་བཀོདཔ་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན།
སློབ་སྟོན་པ་མགོན་པོ་རྡོ་རྗེ་གིས་ གནས་ཚུལ་བསྡུ་བཀོདཔ་ལུ་ རིག་རྩལ་དང་ དམིགས་བསལ་གྱི་ ཁྱད་ཆོས་དགོ་པའི་སྐོར་ གསལ་བཤད་འབད་བའི་བསྒང་།


འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ ལི་ལི་དབང་ཕྱུག་གིས་ རྒྱང་བསྒྲགས་དང་ རྫོང་ཁའི་ གསར་ཤོག་གི་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ དམིགས་བསལ་གྱི་ སྦྱོང་བརྡར་བྱིན་དགོ་མིའི་དམིགས་ཡུལ་གཙོ་བོ་ར་ རྒྱལ་ཁབ་ནང་ གནས་ཚུལ་བསྡུ་ལེན་འབད་མི་ཚུ་གི་ ལྕོགས་གྲུབ་ཡར་དྲག་གཏང་ཐབས་ལུ་ ཨིན་ཟེར་ཨིན་པས།
གནས་ཚུལ་བསྡུ་བཀོདཔ་ཚུ་གི་རྒྱུད་ལུ་ རྒྱལ་ཁབ་དང་ མི་སྡེ་ གཞུང་ གཙུག་ལག་ སྒེར་སྡེ་ ལས་འཛིན་ཚུ་ལུ་ ཕན་ཐོགས་ཚུགས་པའི་འགན་འཁྲི་འབག་དགོ་པའི་ཁར་ གནས་ཚུལ་བསྡུ་བཀོདཔ་ཚུ་གི་ ཤེས་ཚད་དང་ རིག་རྩལ་ དེ་ལས་ གསར་ཤོག་གི་ སྤུས་ཚད་ཡར་དྲག་གཏང་ནིའི་དོན་ལུ་ ད་རེས་ཐེངས་དང་པ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ད་ལས་ཕར་ ལོ་བསྟར་འགོ་འདྲེན་འཐབ་འོང་ཟེར་ཨིན་མས།
ཉིནམ་དང་པའི་སྐབས་ སློབ་སྟོན་པ་སྨིན་དྲུག་རྡོ་རྗེ་གིས་ བརྡ་བརྒྱུད་ཁག་ལས་ སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་༢༢ ལུ་ མི་སྡེའི་ནང་ གནས་ཚུལ་མཁནམ་གི་ འགན་ཁག་གི་སྐོར་ལས་ སྦྱོང་བརྡར་འབད་ཡོདཔ་ད་ དེ་ཡང་ དྲང་བདེན་གྱི་གནས་ཚུལ་ཚུ་ དུས་ཚོད་ཁར་ལྷོད་དགོ་པའི་ས་གནས་དང་ མི་སྡེ་ལུ་ འབྱུང་བཞིན་ཡོད་པའི་ གནད་དོན་སྣ་ཚོགས་ཚུ་ སྒྲིག་མཐུན་གྱི་སྒོ་ལས་ གསལ་སྟོན་འབད་ནི་ མི་སྡེ་ནང་ གོ་བརྡ་དང་ མཐུན་ལམ་གོང་འཕེལ་ ཡུན་བརྟན་གྱི་དོན་ལུ་ གནས་ཚུལ་ཚུ་ བསྡུ་སྒྲིག་འབད་དགོ་པའི་སྐོར་ལས་ གསལ་བཤད་འབད་ཡི།
གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་བརྟེན་ མིའི་བསམ་སྤྱོད་ལེགས་བཅོས་བཟོ་ཚུགས་ནི་དང་ མི་སྡེ་ལུ་ འཆར་སྣང་གི་གོ་སྐབས་སྤྲོད་ཚུགས་ནི་ ཕན་ནུས་ཅན་གྱི་ དམངས་གཙོའ་རིང་ལུགས་ ཡར་དྲག་གཏང་ནི་ གཞུང་དང་མི་སེར་གྱི་བར་ན་དང་ མི་སྡེའི་བར་ན་ ཟམ་བཟུམ་གྱི་ལཱ་འབད་ནི་ གཞུང་གི་ གོ་གནས་ཅན་དང་ འགན་ཁག་ཅན་ཚུ་ལུ་ འགན་འཁྲི་བཀལ་ནི་ དེ་ལས་ བརྡ་བརྒྱུད་ཀྱི་ཐོག་ལས་ རྒྱལ་ཡོངས་སྐད་ཡིག་བདག་འཛིན་དང་ གོང་འཕེལ་གཏང་ནི་ལུ་ འགན་ཁུར་འབག་དགོ་པའི་སྐོར་ལས་ སློབ་སྟོན་པ་ མགོན་པོ་རྡོ་རྗེ་གིས་ བཤད་ཅི།
སློབ་སྟོན་འབད་མི་ རིག་འཛིན་དབང་ཕྱུག་གིས་ སྤྱིར་བཏང་གི་ བརྡ་བརྒྱུདཔ་ལུ་བརྟེན་ མི་མང་གི་ སེམས་འགྱུར་ནི་ལུ་ ཕན་གྲོགས་འབད་ནི་དང་ མི་མང་ག་ར་གིས་ གནས་ཚུལ་ལྷག་ནི་དང་ ཉན་ནི་ལུ་ སྤྲོ་བ་ཡོདཔ་བཟོ་ནི་ གནད་དོན་ཚུ་ འཛམ་གླིང་གི་གནད་དོན་དང་ རྒྱལ་ཁབ་ཀྱི་ གནས་སྟངས་ཚུ་གི་སྐོར་ལས་ ཁྱད་རིག་ཐོག་ལུ་ འབྲི་དགོཔ་གལ་ཆེ་བའི་སྐོར་ལས་ གསལ་བཤད་འབད་ཡི།
སྦྱོང་བརྡར་ནང་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ སློབ་ཕྲུག་༢ ཀྱིས་ཡང་ བཅའ་མར་གཏོགས་ཡོདཔ་ད་ སྐྱེས་ལོ་༢༠ འབད་མི་ ཚེ་རིང་རྡོ་རྗེ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཁོ་ར་ ཧེ་མ་ལས་ བརྡ་བརྒྱུད་ནང་ ལཱ་འབད་ནི་ལུ་ སྤྲོ་བ་སྦོམ་ཡོད་པའི་ཁར་ མི་ཚུ་དང་གཅིག་ཁར་ བསམ་འཆར་བརྗེ་སོར་འབད་ནི་ མི་སྡེའི་ནང་ དཀའ་སྡུག་ག་དེ་སྦེ་ ཡོདཔ་ཨིན་ན་ དང་ གནད་དོན་ཁག་མ་འདྲཝ་ཚུ་ བསྡུ་སྒྲིག་འབད་ཐོག་ལས་ མི་མང་ལུ་ བརྡ་སྤེལ་འབད་ནི་ལུ་ འགན་ཁུར་འབག་སྟེ་ ལཱ་འབད་ནིའི་དོན་ལུ་ ཤེས་ཡོན་དང་ རིག་རྩལ་ཡར་དྲག་གཏང་ཐབས་ལུ་ ཨིན་ཟེར་ཨིན་པས།
འབྲུག་མེ་ལོང་གསར་ཤོག་ལས་ གནས་ཚུལ་བསྡུ་བཀོད་པ་ སྨིན་དྲུག་བཟང་མོ་གིས་ འབད་བ་ཅིན་ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱིས་ དེ་བཟུམ་མའི་ སྦྱོང་བརྡར་ལས་རིམ་འགོ་འདྲེན་འཐབ་མི་དེ་གིས་ གནས་ཚུལ་བསྡུ་སྒྲིག་འབད་ཐངས་ཀྱི་ བསླབ་བྱ་དང་ ཡོན་ཏན་ རིག་རྩལ་ དེ་ལས་ ཀུན་སྤྱོད་རྣམ་གཞག་གི་སྐོར་ལས་ ཤེས་ཡོན་ ལེགས་ཤོམ་འཐོབ་ཚུགས་ནིའི་འོས་འབབ་སྦོམ་འདུག་ཟེར་ཨིན་པས།
སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་མི་ བུམ་པ་ཚེ་རིང་གིས་འབད་བ་ཅིན་ ཁོ་རའི་ དམིགས་གཏད་འབད་རུང་ རྫོང་ཁ་སློབ་དཔོན་འབད་ནི་ཨིནམ་བཞིན་དུ་ ལས་རིམ་དེ་ཡང་ རྫོང་ཁའི་ཐོག་ལུ་ཨིནམ་ལས་ ཁོ་རའི་ ཡོན་ཏན་ཡར་དྲག་གཏང་ནི་དང་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ འགན་འཁྲི་དང་འགན་ཁག་ ག་དེ་སྦེ་ཡོདཔ་ཨིན་ན་ གནས་ཚུལ་བསྡུ་སྒྲིག་གི་ལཱ་འགན་ནང་ དཀའ་ངལ་ག་ཅི་བཟུམ་ཡོདཔ་ཨིན་ནའི་སྐོར་ལས་ ཤེས་ཚུགས་ཅི་ཟེར་ཨིན་པས།
ཉིན་གྲངས་༥ འབད་མི་སྦྱོང་བརྡར་ལས་རིམ་དེ་ སྤྱི་ཟླླ་༨ པའི་ཚེས་༡༨ ལུ་ མཇུག་བསྡུ་ནི་ཨིནམ་ལས་ ལས་རིམ་དེ་གིས་ ཕག་ཐོགས་འབྱུང་ཚུགས་པའི་རེ་བ་ཡོད་ཟེར་ ལས་རིམ་འགོ་འདྲེན་འཐབ་མི་གིས་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment