གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒེར་ས་གཞུང་བཞེས་བཏང་པའི་ ལོ་ལས་ར་ ས་ཚབ་ཀྱི་ཐོབ་བརྗོད་བཀོད་ཡོདཔ།

༨/༩/༢༠༡༢   རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ ཐོབ་བརྗོད་མ་བཀོད་པར་ ལོ་༤ སྡོད་ནུག་ཟེར་ སླབ་མི་དེ་ མི་བདེན་ཟེར་སླབ་མས།

༉ སྤྱི་ལོ་༢༠༠༣ ལུ་ སྤ་རོ་ནག་རྒྱ་རྒེད་འོག་ བི་ཏི་ཁ་འབྲིང་རིམ་སློབ་གྲྭ་འོག་མ་དེ་ འབྲིང་རིམ་སློབ་གྲྭ་བར་མ་ལུ་ རྒྱ་བསྐྱེད་འབད་བའི་སྐབས་ལུ་ སྒེར་ས་གཞུང་ལུ་ ཕུལ་དགོཔ་བྱུང་མི་ སའི་ཇོ་བདག་༣ གྱིས་འབད་བ་ཅིན་ ས་ཚབ་ཀྱི་སྐོར་ལས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ སླབ་མི་དེ་ མི་བདེན་ཟེར་ཨིན་པས།


དེ་ཡང་ ཁོང་གི་ ས་ཆ་ཚུ་ གཞུང་བཞེས་བཏང་པའི་ ལོ་ལས་ར་ ས་ཚབ་འཚོལ་ནིའི་ལཱ་ཚུ་ འབད་ཡོདཔ་ལས་ ས་ཚབ་ཀྱི་ཐོབ་བརྗོད་མ་བཀོད་པར་ མ་སྡོད་ཟེར་ སའི་ཇོ་བདག་ཚུ་གིས་ སླབ་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ ས་ཆ་ལྷན་ཚོགས་ཀྱིས་ སླབ་མི་དང་འཁྲིལཝ་ད་ ཁོང་གིས་ ས་ཚབ་ཀྱི་ཐོབ་བརྗོད་མ་བཀོད་པར་ ལོ་༤ དེ་ཅིག་ ལང་ཡོདཔ་ཨིན་པས།
སའི་ཇོ་བདག་༣ གྱི་གྲས་ལས་ ཨའུ་ཚེ་རིང་གིས་ གསལ་བཏོན་འབད་ནི་ཡོད་མི་ ཡིག་ཆའི་སྒྲུབ་བྱེད་ཚུ་ལུ་ལྟཝ་ད་ སྤྱི་ལོ་༢༠༠༣ ཟླ་༡༡ པའི་ཚེས་༢༠ ལུ་ ཨའུ་ཚེ་རིང་གི་གནས་ཚང་ འཆི་མེད་སྒྲོལ་མའི་ཨ་ཞེམོ་ ཚེ་རིང་རྒྱལ་མོའི་ མིང་ཐོ་ལུ་ བཀོད་ཡོད་པའི་ ས་ཆ་དེ་ འཆི་མེད་སྒྲོལ་མའི་ མིང་ཐོ་ཁར་ ཁྲམ་སྤོ་སོར་འབད་བའི་སྐབས་ སློབ་གྲྭ་དང་ རྒེད་འོག་གིས་ ཉོགས་མེད་ལག་ཁྱེར་ རྫོང་ཁག་ལུ་ སྤྲོད་དགོ་པའི་ གན་རྒྱ་ཅིག་བཟོ་ནུག།
དེ་ལས་ ལོ་༡ གི་རྒྱབ་ལས་ རྒེད་འོག་ཁྲི་འཛིན་དང་ སའི་ཇོ་བདག་༢ ཀྱི་བར་ན་ ས་ཚབ་དེ་ སའི་བཅའ་ཁྲིམས་༡༩༧༩ དང་འཁྲིལ་ ཨའུ་ཚེ་རིང་གི་གཡུས་ ལམ་གོང་ཆུ་ཁ་ལས་ སྤྲོད་ནི་སྦེ་ གན་རྒྱ་ཅིག་ཡང་ བཟོ་ཡོདཔ་ད་ དེ་གི་ཤུལ་ལས་ སྤྱི་ལོ་༢༠༠༥ ལུ་ འཆི་མེད་སྒྲོལ་མའི་ ཨ་པ་ཚེ་འདས་ཀྱིས་ ས་ཚབ་ཀྱི་དོན་ལུ་ ཕུན་ཚོགས་གླིང་ལས་མར་ གཞུང་ས་སྟོངམ་འཚོལ་ཡོད་རུང་ ཐོབ་མ་ཚུགསཔ་ལས་ སྤྱི་ལོ་༢༠༠༦ ཟླ་༡༡ པའི་ཚེས་༡༥ ལུ་ ད་རུང་ འཆི་མེད་སྒྲོལ་མ་གིས་ མོ་གི་ ས་ཆ་དེ་ གཞུང་བཞེས་སོང་མི་ལུ་བརྟེན་ ཁྱིམ་སྦ་སྒོར་ཅིག་ཡང་རྐྱབ་སའི་ ས་ཆ་མེདཔ་ཐལ་སོཔ་ལས་ ཧེ་མ་བཟོ་བའི་ གན་རྒྱ་དང་འཁྲིལ་ ས་ཚབ་དེ་ ལམ་གོང་ལས་ར་ གནང་ཐབས་ཡོད་པ་ཅིན་ཟེར་ ཞུ་ཚིག་ཅིག་ རྒེད་འོག་བརྒྱུད་དེ་ རྫོང་ཁག་ལུ་ཕུལ་ནུག།
ད་རུང་ སྤྱི་ལོ་༢༠༠༦ ཟླ་༡༡ པའི་ཚེས་༢༢ ལུ་ རྫོང་ཁག་ཤེས་རིག་འགོ་དཔོན་ ཚེ་དབང་རིག་འཛིན་གྱིས་ཡང་ རྫོང་ཁག་ས་ཁྲམ་འགོ་དཔོན་ལུ་ ས་ཚབ་ཀྱི་སྐོར་ལས་ ཡི་གུ་ཅིག་ བཙུགས་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༧ ཟླ་༡ པའི་ཚེས་༡༡ ལུ་ རྫོང་རབ་རྣམ་རྒྱལ་རིན་ཆེན་གྱིས་ སའི་ཇོ་བདག་གིས་ ངོས་འཛིན་འབད་མི་  ལམ་གོང་ཆུ་ཁའི་ས་ཆ་དེ་ ས་ཚབ་སྦེ་ སྤྲོད་ཚུགས་མི་ཚུགས་ཀྱི་སྙན་ཞུ་ཅིག་ ཕུལ་དགོཔ་སྦེ་ སྤ་རོ་མངའ་སྡེ་ནགས་ཚལ་གླིང་འཛིན་འགོ་དཔོན་དང་ ནག་རྒྱ་རྒཔོ་ལུ་ ཡི་གུ་ཅིག་བསྐྱལ་ནུག།
དེ་དང་འཁྲིལ་ ནག་རྒྱ་རྒཔོ་གིས་ ལམ་གོང་ཆུ་ཁ་ལས་ ཨའུ་ཚེ་རིང་གི་མིང་ཐོ་ཁར་ ཤིང་མེད་པའི་ གསོ་ཤིང་ཨེ་ཀར་༥ ཡོད་མི་ལས་ ས་ཚབ་སྤྲོད་ནི་ལུ་ འོས་འབབ་ཡོད་པའི་ ཡིག་ལན་ཅིག་ ཕུལ་ཡོདཔ་བཞིན་དུ་ རྫོང་ཁག་གིས་ ས་ཆ་འཇལ་ཏེ་ ཡིག་ཆ་ཚུ་ ས་ཁྲམ་ལས་ཁུངས་ཀྱི་ ས་འཇལ་སྤྱི་ཁྱབ་ལུ་ ཕུལ་ཡོདཔ་ཨིན་རུང་ དུས་ཡུན་ཟླཝ་ཕྱེད་དང་༢ དེ་ཅིག་ནང་ སའི་བཅའ་ཁྲིམས་༢༠༠༧ ཅན་མ་ ཆ་འཇོག་གྲུབ་ཡོདཔ་མ་ཚད་ ས་འཇལ་ལས་ཁུངས་དེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ བསྒྱུར་བཅོས་འབད་མི་དང་འཁྲིལ་ དྲུང་ཆེན་གྱིས་ ཁོང་གི་ ཞུ་བ་དེ་ ཁུངས་མེདཔ་བཟོ་ད་ཡི་ཟེར་ ཨའུ་ཚེ་རིང་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ སའི་བཅའ་ཁྲིམས་༢༠༠༧ ཅན་མ་དང་འཁྲིལ་ ཧེ་མར་ གཞུང་གིས་བཞེས་མི་ ཁོ་རའི་ས་ཆའི་གནས་གོང་དང་ འདྲ་མཉམ་འབད་བའི་ ས་ཚབ་ཅིག་ བེ་ཏི་ཁ་གཡུས་ཚན་དང་ ཡང་ཅིན་ ནག་རྒྱ་རྒེད་འོག་གི་ ས་གནས་ག་ཏེ་ལས་འབད་རུང་གནང་ཟེར་ ད་ལྟོའི་རྒཔོ་ དཀར་མདོག་ལུ་ ཞུ་བའི་སྐབས་ རྒཔོ་གིས་ གཡུས་ཚན་དང་ རྒེད་འོག་༢ ཆ་རའི་ནང་ འཆི་མེད་སྒྲོལ་མ་ལུ་ ས་ཚབ་སྤྲོད་བཏུབ་པའི་ གཞུང་ས་མིན་འདུག་ཟེར་ ཡི་གུ་ཕུལ་མི་དང་འཁྲིལ་ རྫོང་ཁག་གིས་ ས་ཚབ་འཇལ་ཏེ་ སྙན་ཞུ་ཚུ་ ས་ཆ་ལྷན་ཚོགས་ལུ་ཕུལ་རུང་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
ད་རུང་ ས་ཆ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༠༣ ལུ་ བེ་ཏི་ཁའི་ མི་སེར་གྱི་ ས་ཆ་ཚུ་ སློབ་གྲྭ་རྒྱ་བསྐྱེད་ཀྱི་དོན་ལུ་ གཞུང་བཞེས་འབདཝ་ད་ བཟོ་ཡོད་པའི་ གན་རྒྱའི་ནང་ སའི་ཇོ་བདག་ཚུ་གིས་ སྒེར་ས་དེ་ ཁས་བླངས་ཐོག་ གཞུང་ལུ་ཕུལ་ནུག་ཟེར་ ཚིག་བཟུང་སྟེ་ ས་ཚབ་ཐོབ་ནི་ལུ་ འོས་འབབ་མིན་འདུག་ཟེར་ སླབ་མི་དེ་ཡང་ གོ་བ་བརྡ་ལོག་ལེན་པའི་ སྐྱོན་ཅིག་ཨིན་མས་ཟེར་ བཤད་ཡོདཔ་ད་ གན་རྒྱ་དེ་ནང་ གཞུང་ལས་ ས་ཚབ་དང་ ས་རིན་ཚུ་ རྩ་ལས་ར་ མི་དགོ་ཟེར་ བཀོད་བཀོདཔ་རྩ་ལས་ར་མེད་ཟེར་ སའི་ཇོ་བདག་ཅིག་གིས་ སླབ་ཨིན་པས།
གན་རྒྱའི་གནད་དོན་ངོ་མ་ར་ རྒེད་འོག་གི་ མི་སེར་གཞན་ཚུ་གིས་ ཁོང་ལུ་ སློབ་གྲྭ་རྒྱ་བསྐྱེད་འབད་ནིའི་དོན་ལུ་ ས་ཆ་དགོཔ་སྦེ་ ཡང་བསྐྱར་དུ་ ཨུ་ཚུགས་བསྐྱེད་མི་དང་འཁྲིལ་ མཐའན་མཇུག་ལུ་ ཁོང་གིས་ ཕུལ་གེ་ཟེར་ ཁ་བཟེད་ཡོདཔ་མ་གཏོགས་ རིན་མེད་སྟོང་པ་སྦེ་ ཕུལ་ཕུལཝ་རྩ་ལས་མེད་ཟེར་ རྒྱུ་མཚན་ཟངམ་ཨིན་པས།
དེ་བསྒང་ བེ་ཏི་ཁ་སློབ་གྲྭའི་ ཁྲི་འཛིན་སྦེ་སྡོད་དེ་ གན་རྒྱའི་གུ་ མིང་རྟགས་བཀོད་མི་ སྤེན་པ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༣ ལུ་ གན་རྒྱ་བཟོ་བའི་སྐབས་ སའི་ཇོ་བདག་ཚུ་གིས་ སློབ་གྲྭ་རྒྱ་བསྐྱེད་ཀྱི་དོན་ལུ་ ཁོང་གི་ས་ཆ་ཚུ་ བྱིན་མ་བཏུབ་པར་སྡོདཔ་ད་ མི་སེར་དམངས་འཛོམས་ཏེ་ གསོལཝ་བཏབ་མི་དང་འཁྲིལ་ སའི་ཇོ་བདག་ཚུ་གིས་ ཁ་བཟེད་ཡོད་རུང་ ཤུལ་ལས་ ཁོང་གིས་ སེམས་གྱུར་ཏེ་ མི་བྱིན་ཟེར་ སླབ་འོང་མནོ་སྟེ་ ཁས་བླངས་ཀྱི་ གན་རྒྱ་དེ་ བཟོ་ཡི་ཟེར་ཨིན་པས།
ག་དེ་སྦེ་འབད་རུང་ སའི་ཇོ་བདག་༣ ལུ་ ས་ཚབ་ཚུ་ ཐོབ་དགོཔ་ངེས་བདེན་ཨིན་ཟེར་ དེ་བསྒང་ གན་རྒྱའི་གུ་ མིང་རྟགས་རྐྱབ་མི་ཅིག་གིས་སླབ་མས།
དེ་བསྒང་ ནག་རྒྱ་རྒཔོ་སྦེ་སྡོད་མི་ དར་མགོ་གིས་འབད་བ་ཅིན་ སྒེར་ས་ཚུ་ གཞུང་གིས་བཞེས་པའི་སྐབས་ གན་རྒྱ་༢ བཟོ་སྟེ་ཡོད་མི་ལས་༡ ནང་ ས་ཚབ་ཚུ་ སྤྲོད་དགོཔ་སྦེ་ ཧིང་སངས་ས་ བཀོད་དེ་ཡོད་པའི་ཁར་ གན་རྒྱ་༢ ཆ་ར་ རྫོང་ཁག་ལུ་ ཕུལ་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་གྲྭ་དེ་ ཡར་སེང་རྐྱབ་ནིའི་དོན་ལུ་ ས་ཆ་ཚུ་ ངེས་པར་དུ་དགོཔ་ཐོན་སོཔ་ལས་ ཁོང་གིས་ སའི་ཇོ་བདག་༣ ལུ་ གསོལཝ་བཏབ་པའི་སྐབས་ ས་ཚབ་ཐོབ་པར་ ལཱ་ཁག་ཡོདཔ་ལས་ ཁོང་གི་ཕ་ཞིང་དེ་ གཞུང་ལུ་ ཕུལ་མི་ཚུགས་ཟེར་ སླབ་ཡོད་རུང་ མཐའན་མཇུག་ལུ་ ཁ་བཟེད་ཅི་ཟེར་ཨིན་པས།
ས་ཚུ་ གཞུང་གིས་བཞེས་པའི་སྐབས་ ལོ་ཐོག་ཀེ་བ་དང་ དཀར་ཚུ་ མེདཔ་བཏང་དགོཔ་ ཐོན་མི་ལུ་བརྟེན་ སའི་ཇོ་བདག་ཚུ་ལུ་ ལོ་ཐོག་གི་ རྒུད་འཐུས་སྤྲོད་དགོཔ་ བྱུང་ཡོདཔ་ད་ དེ་བཟུམ་མའི་ མི་སེར་གྱི་ ཕ་ཞིང་ཚུ་ གཞུང་ལུ་ ས་རིན་དང་ ས་ཚབ་རྩ་ལས་ར་ མ་དགོཔ་སྦེ་ ཕུལ་མི་ག་ཡང་མི་འོང་ཟེར་ ཨའུ་ཚེ་རིང་གིས་ སླབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment