གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་ཞིང་ལམ་ལུ་བརྟེན་ གེ་ཟའི་ཞིང་ཚུ་ མེདཔ་གཏང་ནིའི་ཉེན་ཁ།

༡༠/༨/༢༠༡༢   ༉ མོང་སྒར་རྫོང་ཁག་ སྐྱེངས་མཁར་རྒེད་འོག་ རྡོ་ཆུ་རི་གཡུས་ཚན་ལས་ སྐྱེས་ལོ་༤༡ ལང་མི་ འཕྲིན་ལས་རྡོ་རྗེ་གིས་ ཁོ་རའི་གཡུས་ཚན་ནང་ འཁོར་ལམ་མེད་པའི་སྐབས་ མོང་སྒར་དང་ རྒྱལ་པོའི་ཞིང་ལུ་ ཉིན་གྲངས་ལས་བཅད་དེ་ ཉོ་ཚོང་རྐྱབ་པར་འགྱོ་དགོཔ་ལས་ དཀའ་སྡུག་མྱོང་ཡོདཔ་ཨིན་པས།
སྐྱེངས་མཁར་ལུ་ སོ་ནམ་ཞིང་ལམ་གྱིས་ གེ་ཟའི་ཞིང་ཚུ་ལུ་ གནོད་སྐྱོན་རྐྱབ་པའི་མཐོང་སྣང་།
སྐྱེངས་མཁར་གྱི་ མི་སེར་ཚུ་ ས་ཆ་འཛིན་སྐྱོང་གི་དོན་ལུ་ ལཱ་འབད་བར་འགྱོ་བའི་བསྒང་།


དེ་འབདཝ་ད་ ད་རེས་ ཁོ་རའི་གཡུས་ཁར་ འཁོར་ལམ་ལྷོད་ནི་དེ་གིས་ བསམ་པ་རྫོགས་ཡོད་རུང་ དེ་དང་གཅགི་ཁར་ ཁོ་ལུ་ ཚ་གྱང་སྦོམ་ལང་དགོཔ་བྱུང་མི་དེ་ཡང་ སོ་ནམ་ཞིང་ལམ་ལུ་བརྟེན་ ཞིང་མེདཔ་གཏང་ནིའི་ ཉེན་ཁ་ཡོད་ནི་དེ་གིས་ཨིན་པས།
ཁོ་གི་ གེ་ཟའི་ཞིང་དེ་ ས་གནས་སྤོ་གོ་ལ་ཟེར་སའི་ འཁོར་ལམ་འོག་ལུ་ཡོདཔ་ད་ འཁོར་ལམ་ལྟག་ལུ་ གནས་སྐབས་ཀྱི་ཁྱིམ་ཆུང་ཀུ་ཅིག་ཡང་ཡོདཔ་ཨིན་རུང་ ད་རེས་ནངས་པ་ ཆར་ཆུ་འབོལ་བའི་སྐབས་ལུ་ འཁོར་ལམ་ལུ་བརྟེན་ ཁྱིམ་དེ་ ས་རུད་ཀྱི་འཕྱགས་འབག་ནིའི་ ཉེན་ཁ་ཡོདཔ་ལས་ ཁྱིམ་དེ་ནང་སྡོད་མ་ཚུགས་པར་ སིང་སི་རི་ཟེར་སའི་ས་གནས་ཁར་ སྡོད་དོ་ཡོདཔ་ཨིན་པས།
ཨ་ལུ་༤ གི་ཨ་པ་ཨིན་མི་ འཕྲིན་ལས་ལུ་ ས་གནས་སྤོ་གོ་ལ་ཟེར་ས་ གེ་ཟའི་ཞིང་ཨེ་ཀར་༡ ལྷགཔ་ཅིག་ཡོད་མིའི་ནང་ ལོ་བསྟར་བཞིན་དུ་ གེ་ཟ་དང་ ཀེ་བ་གཅིག་ཁར་ འཛུགས་སྐྱོང་འབད་དོ་ཡོདཔ་ད་ ཁོ་གིས་སླབ་མིའི་ནང་ གཡུས་ཚན་དེ་ནང་ སོ་ནམ་ཞིང་ལམ་དེ་ སེལ་བའི་སྟབས་ཀྱིས་ མི་སེར་ཚུ་གི་ དཀའ་སྡུག་བསལ་ཡོད་རུང་ ལོ་ཐོག་ལུ་ གནོད་པ་ཡང་བྱུང་ཡི་ཟེར་ཨིན་པས།
དུས་ཅི་ཡང་ གེ་ཟ་གླང་དོ་ཕྱེད་མ་ལངམ་ཅིག་དང་ ཀེ་བ་ཀེ་ཇི་༢༠༠ དེ་ཅིག་ ཞིང་ལམ་གྱི་ ས་ནང་ཚུད་མི་ལུ་བརྟེན་ མེདཔ་བཏང་ཡི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ནང་མི་བཟའ་ཚང་ཚུ་ འཚོ་བ་སྐྱོང་ཐབས་ལུ་ ལོ་ཐོག་གིས་ ལང་མ་ཚུགས་པའི་དཀའ་ངལ་ཡོད་ཟེར་ཨིནམ་ད་ ཨིན་རུང་ ཉིན་བསྟར་གྱི་གླ་ཆ་ཐོག་ལུ་ ལཱ་ཕྱམ་ཕྱིམ་རེ་འབད་དོ་ཟེར་ཨིནམ་ད་ དེ་ཡང་ སིང་སི་རི་ཟེར་ས་ལུ་ཡོད་མི་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་ལས་ ཐོབ་མ་ཚུགས་པའི་དཀའ་ངལ་ ཡོད་མི་ལུ་བརྟེན་ སྤོ་གོ་ལ་ཞིང་དེ་ སོ་ནམ་ཞིང་ལམ་གྱིས་ མེདཔ་བཏང་པའི་ ཚ་གྱང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སོ་ནམ་ཞིང་ལམ་གྱི་ལྟག་ལུ་ ས་རུད་ཀྱི་ཉེན་ཁ་ཡོད་མི་ སོ་ནམ་པ་ སྐྱེས་ལོ་༢༣ ལང་མི་ རྡོ་རྗེ་རྒྱལ་མོ་གིས་འབད་རུང་ ཚ་གྱང་ལང་མི་དེ་ཡང་ མོ་རའི་ ས་ཞིང་དེ་ འགྱད་པ་གཟར་དྲགས་གུ་ ཡོད་མི་ལུ་བརྟེན་ ས་རུད་ཆད་པའི་ ཉེན་ཁ་ཡོདཔ་ལས་ འདས་པའི་བདུན་ཕྲག་༢ ཀྱི་ཧེ་མ་བཟུམ་སྦེ་ ཆརཔ་ཤུགས་སྦེ་ རྐྱབ་པ་ཅིན་ ས་ཞིང་དེ་ ཆད་འགྱོ་བའི་ ཚ་གྱང་ཡོདཔ་ཨིན་པས།
ས་ཞིང་དེ་ ཕ་བརྒྱུད་བུ་བརྒྱུད་སྦེ་ ཡུན་བརྟན་གནས་དགོཔ་ལས་ ས་རུད་མི་ཆད་ནིའི་ཐབས་ལུ་ ཞིང་མཇུག་ལུ་ གྱང་རྩིག་རྐྱབ་གནང་པ་ཅིན་ བཀྲིན་ཆེ་ནི་མས་ཟེར་ཨིནམ་ད་ མི་ཚུ་ལུ་འབད་རུང་ སོ་ནམ་ཞིང་ལམ་གྱིས་ ཕན་ཐོགས་སྦོམ་བྱུང་བཞིན་དུ་ཡོདཔ་ལས་ ཁ་རྩ་ལས་ར་ གཏང་ནི་མེད་ཟེར་ཨིན་པས།
སྐྱེངས་མཁར་རྒཔོ་ ཀརྨ་རྡོ་རྗེ་གིས་འབད་རུང་ དེ་བཟུམ་གྱི་ སྟབས་བདེ་དང་མ་བདེ་བའི་གནས་སྟངས་འབྱུང་སྲིད་ནི་ཨིནམ་ལས་ ས་ཞིང་མི་ཆད་ནིའི་ཐབས་ལུ་ གྱང་རྩིག་རྐྱབ་ནི་ཨིནམ་ལས་ བཟོ་རིག་ཧོངས་ལས་ དཔག་ཚད་ཡང་ བཀལ་ཡི་ཟེར་ཨིནམ་མ་ཚད་ ས་ཞིང་དེ་ ཡུན་བརྟན་གནས་ཐབས་ལུ་ རྒེད་འོག་ནང་ ས་ཞིང་འཛིན་སྐྱོང་གི་ལཱ་ཡང་ འབད་དེ་ཡོད་ཟེར་ཨིན་པས།
དེ་ཡང་ འདས་པའི་ཟླ་མཇུག་ཁམས་ལུ་ རྒེད་འོག་གི་ མི་སེར་ཁྱིམ་གུང་པ་༡༠ གྱི་ གེ་ཟའི་ཞིང་ཨེ་ཀར་༡༧ ལྷགཔ་ཅིག་ནང་ རྩྭ་དང་ སྟར་ཤིང་ ཨཱན་འབྲས་ དེ་ལས་ དོང་བཙོང་ཤིང་ཚུ་ ས་གཟར་དྲགས་ཡོད་མི་ཚུ་ནང་ འཛུགས་སྐྱོང་འབད་དེ་ ས་ཞིང་ཚུ་ འཛིན་སྐྱོང་འབད་ནིའི་ ཐབས་ལམ་བཏོན་དོ་ཟེར་ཨིན་པས།
སྐྱེངས་མཁར་རྒེད་འོག་གི་ སོ་ནམ་ལས་རོགས་པ་ ཨྱོན་ཚེ་རིང་གིས་ སླབ་མིའི་ནང་ ད་རེས་ནངས་པ་ ས་ཞིང་དེ་ནང་ ས་རུད་ཆད་ནི་ལ་སོགས་པའི་ ཉེན་ཁ་ཡོད་རུང་ ད་ལས་ཕར་ དེ་བཟུམ་གྱི་ འཛུགས་སྐྱོང་ལས་རིམ་དེ་གིས་ མ་འོངས་པ་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་ཟེར་ཨིན་པས།

སོ་ནམ་པ་ཚུ་ ས་གཞི་འཛིན་སྐྱོང་དང་ ལྟ་བཤལ་ དེ་ལས་ ཆར་ཆུ་འཛིན་སྐྱོང་འབད་ཐངས་ཀྱི་ ཐབས་ལམ་ཚུ་གི་དོན་ལུ་ ཌེ་ནི་ཌ་གིས་ མ་དངུལ་ དངུལ་ཀྲམ་ས་ཡ་༧ ལྷགཔ་ཅིག་ ཟད་འགྲོ་བཏང་ཡོདཔ་ད་ མི་སེར་ཚུ་གིས་འབད་རུང་ ལཱ་གི་གྲུབ་འབྲས་ཚུ་ སྦོམ་སྦེ་ར་ འཐོན་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment